རང་ཐང་གླིང་ལུ་ སློབ་གྲྭ་ཆུང་བའི་ སློབ་ཕྲུག་ཨ་ལོ་༣༧ གྱིས་ དངུལ་གསོག་འཇོག་གི་འགྲན་བསྡུར་ནང་ བཅའ་མར་གཏོགས་ནུག།

ན་གཞོན་སློབ་ཕྲུག་ཚུ་ལུ་ དངུལ་གསོག་འཇོག་གི་སྐོར་ལས་ སྦྱོང་བརྡར་བྱིན་ཡོདཔ།

༉ སྐྱེས་ལོ་༡༨ ལང་མི་ ཏིར་ཐ་ཀུ་མ་རི་ ཏི་ཝ་རི་གིས་ དམིགས་བསལ་དུ་ སྐྱེས་བའི་ཉིནམ་བཟུམ་མའི་དོན་ལུ་མ་གཏོགས་ མོ་གིས་ ཟླཝ་༡ ནང་ ཟད་འགྲོའི་དངུལ་ཀྲམ་༣༠༠༠ དེ་ཅིག་ ཁ་ཟས་དང་ གཞན་བཟའ་ནིའི་རིགས་ཚུ་ཉོ་སྟེ་ རྫོགས་དོ་ ཡོདཔ་ཨིན་རུང་ འཕྲལ་མགྱོགས་ར་ མོ་རའི་ ཟད་འགྲོ་གཏང་ཐངས་དེ་ བསྒྱུར་བཅོས་འབད་ནིའི་ འཆར་གཞི་ཡོདཔ་ཨིན་ པས།

སྤྱི་ཟླ་༡༠ པའི་ཚེས་༢༢ ལུ་མཇུག་བསྡུ་མི་ འགྲམ་ཕུག་སློབ་གྲྭ་ལྟེ་བའི་ནང་ ཉིན་གྲངས་༣ གྱི་རིང་ དངུལ་འབྲེལ་ཤེས་ ཡོན་སྦྱོང་བརྡར་འབད་བའི་སྐབས་ སློབ་ཕྲུག་༤༠ གིས་ བཅའ་མར་གཏོགས་མིའི་གྲས་ཁར་ གཅིག་ མོ་ཨིན་པས།

མོ་གིས་སླབ་མིའི་ནང་ ཁྱིམ་ནང་སྡོད་པའི་སྐབས་ ཕམ་ཚུ་གིས་ གློ་བུར་གྱི་དོན་ལུ་ ཟད་འགྲོ་གཏང་ནིའི་དོན་ལས་ དངུལ་སྒྲོམ་ཀཱན་ཏུར་ནང་ དངུལ་གསོག་འཇོག་འབད་སར་ མཐོང་ཡི་ཟེར་ཨིནམ་ད་ ཨ་ལོ་སྦེ་སྡོད་པའི་སྐབས་ དངུལ་གསོག་འཇོག་འབད་དགོ་པའི་སྐོར་ལས་ སླབ་མི་མ་ཐོན་རུང་ སྦོམ་འགྱོཝ་ད་ གསོག་འཇོག་འབད་ནི་དེ་ ལཱ་ཁག་འདུག་ཟེར་ཨིན་པས།

སྦྱོང་བརྡར་འབད་བའི་ཤུལ་ལས་ མོ་གིས་ དངུལ་འབྲེལ་གྱི་སྐོར་ལས་ ཧ་གོ་ཡི་ཟེར་ཨིནམ་ད་ ཟད་འགྲོ་གི་དོན་ལུ་བྱིན་མི་ ཏི་རུ་དེ་ ང་བཅས་ཀྱི་མེནམ་ལས་ ཚུལ་དང་ལྡནམ་སྦེ་ ལག་ལེན་འཐབ་སྟེ་ མ་འོངས་པའི་དོན་ལུ་ གསོག་འཇོག་འབད་ཤེས་ དགོ་ཟེར་ཨིན་པས།

ཏིར་ཐ་ཀུ་མ་རི་ ཏི་ཝ་རི་བཟུམ་སྦེ་ འབྲུག་མི་མང་ཤོས་ཅིག་ལུ་ དངུལ་འབྲེལ་གྱི་ཤེས་ཡོན་ དེ་ཅིག་མེད་པའི་ཁར་ དངུལ་གསོག་འཇོག་འབད་ནིའི་ ལུགས་སྲོལ་ཡང་ དེ་ཅིག་མེདཔ་ཨིན་པས།

ཨིན་རུང་ ན་གཞོན་ཚུ་གི་མནོ་ལུགས་དེ་ བསྒྱུར་བཅོས་འགྱོ་ནི་འདུག་ཟེར་ཨིནམ་ད་ རང་ཐང་གླིང་སློབ་གྲྭ་ཆུང་བའི་ནང་ འབྲུག་གིས་ དངུལ་གསོག་འཇོག་གི་ཉིནམ་ འགོ་དང་པ་ བརྩི་སྲུང་འབད་བའི་སྐབས་ ན་གཞོན་ཚུ་གིས་ དངུལ་གསོག་འཇོག་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།

སློབ་དཔོན་ཅིག་གིས་ བཤད་མིའི་ནང་ སློབ་ཕྲུག་ལ་ལོ་ཅིག་གིས་ ངལ་གསོའི་སྐབས་ ཉིན་བསྟར་གྱི་ལས་མི་དང་ ལ་ལོ་ཅིག་གིས་ དུས་ཐེབས་ཀྱི་ལཱ་ཚུ་འབད་དེ་ ཏི་རུ་ཐོབ་མི་ཚུ་ གསོག་འཇོག་འབད་ནུག་ཟེར་ཨིན་པས།

འཛམ་གླིང་དངུལ་གསོག་འཇོག་གི་ ཟླཝ་དང་འབྲེལ་ སྤྱི་ཟླ་༡༠ པའི་ཚེས་༣༡ ལུ་མཇུག་བསྡུ་མི་ འབྲུག་གྲོང་གསེབ་གོང་འཕེལ་ལས་འགུལ་གྱིས་ དབང་འདུས་དང་ སྤུ་ན་ཁ་ དར་དཀར་ནང་ རྩི་རང་ མོང་སྒར་ ཀྲོང་གསར་ གཞལམ་སྒང་ དེ་ལས་ བཀྲིས་སྒང་རྫོང་ཁག་ཚུ་ནང་ལས་ཕར་ སློབ་ཕྲུག་༦༠༠ དེ་ཅིག་ལུ་ དངུལ་གསོག་འཇོག་གི་སྐོར་ལས་ སྦྱོང་བརྡར་བྱིན་ཡོདཔ་ཨིན་པས།

ལས་འགུལ་གྱི་ སྦྱོང་བརྡར་བྱིན་མི་ བསོད་ནམས་ཆོས་སྐྱིད་ཀྱིས་ སླབ་མིའི་ནང་ ཚོང་འབྲེལ་གྱི་རྩེདམོ་དེ་ གོ་རིམ་གསུམ་སྦེ་ ཉམས་མྱོང་ཐོབ་སྟེ་ ཉིན་བསྟར་བཞིན་དུ་ བཟའ་ཚང་དང་འབྲེལ་བའི་ གནད་དོན་ཚུ་གི་དོན་ལུ་ མ་དངུལ་གསོག་འཇོག་འབད་ ཐངས་ཚུ་ སློབ་སྟོན་འབད་ནི་ཨིན་པས།

མོ་གིས་བཤད་མིའི་ནང་ ན་གཞོན་ཚུ་ལུ་ དངུལ་འབྲེལ་གཙུག་སྡེ་དང་ སྐྱིན་འགྲུལ་ དེ་ལས་ སྐྱ་ནམ་གོང་ཚད་ཡར་འཕར་ལ་ སོགས་པའི་སྐོར་ལས་ སྟོན་བྱིན་དོ་ཟེར་ཨིན་པས།

འབྲུག་མི་ཚུ་གིས་ གསོག་འཇོག་འབད་ནི་དེ་ དཀོན་སུ་ཅིག་ཨིན་པའི་ཁར་ དེའི་ནང་ལས་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ དངུལ་འབྲེལ་གྱི་ཤེས་ཡོན་ དེ་ཅིག་མིན་འདུག་ཟེར་ཨིན་པས།

དངུལ་འབྲེལ་གྱི་ རྩེདམོ་དེ་ཡང་ ཇར་མཱན་གྱི་ ཨཱིས་པཱཀ་སེནསི་ཊིཕ་ཊང་རྒྱལ་སྤྱི་མཉམ་འབྲེལ་གྱིས་ སོ་ནམ་ལྷན་ཁག་དང་ ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེའི་ དངུལ་འབྲེལ་བར་མའི་ཐོག་ལས་ བསྟར་སྤྱོད་འབད་ཡོདཔ་ཨིན་པས།

སོ་ནམ་པའི་ ཚོང་འབྲེལ་རྩེདམོ་གི་ཐོག་ལས་ སོ་ནམ་པ་༥༠༠ ལྷགཔ་ཅིག་དང་ བདེ་སྲུངཔ་ དེ་ལས་ ཨམ་སྲུའི་ཆ་བཞག་དང་ ལྕོགས་གྲུབ་ཡར་སྐྱེད་ལས་སྡེའི་ ཚོང་མགྲོན་པ་ཚུ་ལུ་ སྦྱོང་བརྡར་བྱིན་ཡོདཔ་ཨིན་པས།

སྤྱི་ཟླ་༡༠ པའི་ཚེས་༢༢ ལུ་ སྡེ་ཚན་གྱིས་ ན་གཞོན་ཚུ་ལུ་ དངུལ་གསོག་འཇོག་གི་སྐོར་ལས་ ཧ་གོ་བཅུག་ཐབས་ལུ་ རང་ཐང་གླིང་འབྲིང་རིམ་སློབ་གྲྭའི་ནང་ བློ་གསར་སློབ་རིམ་ལས་ སློབ་རིམ་༣ པ་བར་ནའི་ སློབ་ཕྲུག་ཚུ་ལུ་ དངུལ་གསོག་འཇོག་གི་ འགྲན་བསྡུར་འབད་བཅུག་ཡོདཔ་ཨིན་པས།

དངུལ་གསོག་འཇོག་གི་ རྩིས་ཁྲ་འཆང་མི་ དྲག་ཤོས་༢༠ གི་གྲས་ལས་༣ ལུ་ གསོལ་རས་བྱིན་ཡོདཔ་ད་ འཛམ་གླིང་དངལ་གསོག་འཇོག་གི་ཉིནམ་དེ་ སྤྱི་ལོ་༡༩༢༤ ཟླ་༡༠ པའི་ཚེས་༣༡ ལུ་ འགོ་དང་པ་ བརྩི་སྲུང་འབད་ཡོད་པའི་གནས་ཚུལ།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *