ན་གཞོན་ཚུ་གིས་ སོ་ནམ་དང་འབྲེལ་བའི་ ཚོང་འབྲེལ་ལཱ་གི་ སྦྱོང་བརྡར་འབད་དོ་ཡོདཔ།

༉ སྐྱེས་ལོ་༡༩ ལང་མི་ ཉི་མ་འོད་ཟེར་གྱིས་ སྤྱི་ལོ་༢༠༡༧ ལུ་ ལྷུན་རྩེ་འབྲིང་རིམ་སློབ་གྲྭ་གོང་མ་ལས་ སློབ་ རིམ་༡༢ པ་མཐར་འཁྱོལ་བའི་ཤུལ་ལུ་ ལཱ་གཡོག་མེད་པར་ གཡུས་ཁ་ལུ་ སྤྱང་འཁྱམས་དགོཔ་བྱུང་མིའི་དཀའ་ངལ་དེ་ འཕྲལ་ཁམས་ཅིག་ལས་ བསལ་ཚུགས་ནུག།
དེ་ཡང་ ཁོ་གིས་ ན་གཞོན་ཆ་རོགས་ཚུ་དང་གཅིག་ཁར་ མོང་སྒར་རྫོང་ཁག་ གླིང་མི་ཐང་ལུ་ཡོད་པའི་ གངས་རི་ཧ་ཟས་ཀྱི་སྦྱོང་བརྡར་ཁང་ནང་སྦེ་ ཉིན་གྲངས་༢ ཀྱི་རིང་ ཚོང་འབྲེལ་གྱི་ལཱ་ འགོ་བཙུགས་ནིའི་དོན་ལུ་ གནས་སྐབས་དང་ ཡོན་ཏན་ འཆར་གཞི་བརྩམ་ཐངས་ཚུ་གི་སྐོར་ ལེགས་ཤོམ་སྦེ་ ཧ་གོ་ཚུགས་མི་ལུ་བརྟེན་ཨིན་པས།
སྦྱོང་བརྡར་ལས་རིམ་ལུ་བརྟེན་ ཁོ་གིས་ ཉ་ཁག་ཅུང་དང་ ཚོད་བསྲེའི་རིགས་ཚུ་ འཛུགས་སྐྱོང་འབད་ནི་ལུ་ གདམ་ཁ་རྐྱབ་ཡོད་མི་དེ་ཡང་ ཁོ་རའི་ཨ་པ་གིས་ གཞི་བཙུགས་འབད་ཡོད་རུང་ སྦྱོང་བརྡར་འབད་བའི་ཉམས་མྱོང་དང་ རིག་རྩལ་ཚུ་མེདཔ་ལས་ དམིགས་དོན་ལྟར་དུ་ ཚོང་འབྲེལ་གྱི་ལཱ་ འགོ་བཙུགས་མ་ཚུགས་པར་ལུས་ཡོདཔ་ཨིན་པས།
ན་གཞོན་ ཉི་མ་ཚེ་རིང་གིས་ སླབ་མིའི་ནང་ སྦྱོང་བརྡར་ལུ་བརྟེན་ ཚོང་ལཱ་སྦོམ་ཆུང་ག་ཅི་ཨིན་རུང་ གཞི་བཙུགས་འབད་ནིའི་དོན་ལུ་ འཆར་གཞི་བརྩམ་ནི་དང་ ཚོང་འབྲེལ་འོང་འབབ་གནས་སྟངས་ཞིབ་འཚོལ་ ཚོང་ཉོ་བར་འོང་མི་ དེ་ལས་ གཞི་བཙུགས་ཀྱི་དོན་ལས་ མ་དངུལ་གྱི་རྒྱབ་སྐྱོར་འཚོལ་ཐངས་སྐོར་ལས་ ཧ་གོ་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ སྦྱོང་བརྡར་འབད་མི་ སྐྱེས་ལོ་༢༡ ལང་མི་ བསོད་ནམས་ཆོས་སྒྲོན་གྱིས་ ཚོད་བསྲེ་གི་ ཚོང་ལཱ་འགོ་བཙུགས་ནི་ལུ་ ཐག་བཏོགས་མི་དེ་ཡང་ མོ་ར་ ཐང་རོང་རྒེད་འོག་ ཨ་ཏོ་ལ་གཡུས་ཚན་དེ་ མཐའ་ཟུར་ ཅིག་ནང་ཆགས་ཡོདཔ་ལས་ ཚོད་བསྲེའི་ཐོན་སྐྱེད་ལེགས་ཤོམ་ཡོད་རུང་ བཙོང་སའི་ས་གོ་མེད་མི་དེ་ མོ་གིས་ མི་སེར་ལུ་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ཨིན་ཟེར་ སླབ་ཨིན་པས།
སློབ་རིམ་༡༢ པ་མཐར་འཁྱོལ་རུང་ མཐོ་རིམ་ཤེས་ཚད་ལྷབ་ནིའི་གོ་སྐབས་ ཐོབ་མ་ཚུགསཔ་ལས་ ཟླ་ངོ་༦ གི་ རིང་ གླིང་མི་ཐང་ལུ་ ཨ་ཞེམོ་གི་ཆ་རོགས་སྦེ་ ཨ་ལོ་ལྟ་མི་སྦེ་སྡོད་པའི་སྐབས་ སློབ་རིམ་༡༢ པའི་ཤེས་ཚད་ཀྱིས་ མོ་རའི་མི་ཚེ་ལུ་ ཕན་ཐོགས་ཚུགས་ནི་ལུ་ དཀའ་ངལ་འབྱུང་ནི་མས་ཟེར་ ཚ་གྱང་ལང་སྡོད་དགོཔ་བྱུང་ཡི་ཟེར་ཨིན་པས།
ད་རེས་ གངས་རི་ཧ་ཟས་ལས་སྡེ་དང་ ལས་གཡོག་ལྷན་ཁག་༢ ཀྱིས་ མཉམ་རུབ་ཐོག་ལས་ ཚོང་འབྲེལ་གྱི་ ལཱ་འགོ་བཙུགས་ནིའི་དོན་ལུ་ སྦྱོང་བརྡར་ལས་རིམ་ནང་ བཅའ་མར་གཏོགས་ཚུགས་ནི་དེ་གིས་ སེམས་ཐག་བཅད་དེ་ ལཱ་གཡོག་གི་གོ་སྐབས་བཟོ་ནི་ལུ་ ཁེ་ཕན་བྱུང་ཡི་ཟེར་ བསོད་ནམས་ཆོས་སྒྲོན་གྱིས་ སླབ་ཨིན་པས།
གངས་རི་ཧ་ཟས་ལས་སྡེའི་ འཛིན་སྐྱོང་མདོ་ཆེན་ ཌོག་ཊར་སཱེན་ ཝཌ་སཱོན་གྱིས་ སླབ་མིའི་ནང་ འཛམ་གླིང་ ནང་ གངས་རི་ཧ་ཟས་ སྤུས་ཚད་དང་ལྡན་པའི་ཐོན་ཤུགས་འབད་ནི་ཨིན་མི་ འབྲུག་རྒྱལ་ཁབ་ནང་ གངས་རི་ཧ་ཟས་ལས་སྡེ་ གཞི་བཙུགས་འབད་ཡོདཔ་ལས་ ལས་སྡེ་དང་ མི་སྡེ་༢ མཉམ་རུབ་ཀྱི་ཐོག་ལས་ ལཱ་འབད་དགོཔ་ཨིན་ཟེར་ཨིན་པས།
འཛིན་སྐྱོང་མདོ་ཆེན་གྱིས་ སླབ་མིའི་ནང་ ལས་སྡེ་དང་ ལས་གཡོག་ལྷན་ཁག་ དེ་ལས་ ཨེ་ཤི་ཡན་གོང་འཕེལ་མ་དངུལ་གསུམ་ མཉམ་རུབ་ཀྱི་ཐོག་ལས་ འགོ་འདྲེན་འཐབ་མི་སྦྱོང་བརྡར་ལས་རིམ་གྱིས་ ན་གཞོན་ཚུ་གིས་ ཚོང་འབྲེལ་གྱི་ལཱ་ག་ཅི་འབད་རུང་ ཐབས་ཤེས་དང་ རིག་རྩལ་ ལྕོགས་གྲུབ་གོང་འཕེལ་གཏང་ཐབས་ལུ་ཨིནམ་མ་ ཚད་ ལོ་བསྟར་བཞིན་དུ་ མི་སེར་སོ་ནམ་པ་ཚུ་ལུ་ གངས་རི་ཧ་ཟས་འཐོན་སྐྱེད་ཀྱི་སྦྱོང་བརྡར་ཚུ་ འགོ་འདྲེན་ འཐབ་ཡོདཔ་བཞིན་དུ་ གྲུབ་འབྲས་ལེགས་ཤོམ་ཐོན་ཏེ་ཡོད་ཟེར་ཨིན་པས།
ལྷག་པར་དུ་ གངས་རི་ཧ་ཟས་ལས་སྡེ་ནང་ འབྲུག་མི་༨༠༠ དེ་ཅིག་ལུ་ ལཱ་གཡོག་གི་གོ་སྐབས་ སྤྲོད་ཡོདཔ་མ་ཚད་ མི་སེར་༡༢,༠༠༠ ལུ་ གངས་རི་ཧ་ཟས་ཀྱི་མཐུན་རྐྱེན་ཚུ་ མཁོ་སྒྲུབ་འབད་དེ་ བྱིན་ཡོདཔ་མ་ཚད་ ཐབས་རིག་གི་རྒྱབ་སྐྱོར་ཚུ་ཡང་ འབད་བའི་བསྒང་ཡོད་ཟེར་ཨིན་པས།
ལས་གཡོག་ལྷན་ཁག་ལས་ ཚོང་འབྲེལ་སྡེ་ཚན་ལས་ འགོ་དཔོན་ཟླ་བ་བཟང་མོ་གིས་ སླབ་མིའི་ནང་ ལས་སྡེ་༣ མཉམ་རུབ་ཐོག་ལས་ འགོ་འདྲེན་འཐབ་མི་སྦྱོང་བརྡར་ལས་རིམ་དེ་ ན་གཞོན་ལཱ་གཡོག་མེད་པར་ སྡོད་མི་ཚུ་ གི་མི་ཚེ་ནང་ ཕན་ཐོགས་འབྱུང་ནིའི་དོན་ལུ་ ཐབས་ཤེས་རྣམ་པ་སྣ་ཚོགས་བཏོན་ཐོག་ལས་ སྦྱོང་བརྡར་བྱིན་མིའི་ གྲས་ལས་ གཅིག་ གངས་རི་ཧ་ཟས་ཐོན་སྐྱེད་ལུ་ དམིགས་ཏེ་སྦྱོང་བརྡར་བྱིན་དོ་ཟེར་ཨིན་པས།
ཤར་ཕྱོགས་རྫོང་ཁག་༦ ནང་ ན་གཞོན་༡༣༠ ལུ་ སྦྱོང་བརྡར་བྱིན་མིའི་གྲས་ལས་ འགོ་དང་པ་ མོང་སྒར་དང་ ལྷུན་རྩེ་རྫོང་ཁག་༢ ལས་ ན་གཞོན་༢༣ ལུ་ སྦྱོང་བརྡར་བྱིན་ཡོདཔ་ད་ ད་རེས་ བཀྲིས་གཡང་རྩེ་རྫོང་ཁག་གི་ ན་གཞོན་དང་ བཀྲིས་སྒང་རྫོང་ཁག་ དེ་ལས་ འགོ་རིམ་བཞིན་དུ་ པདྨ་དགའ་ཚལ་དང་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ལུ་ འགོ་འདྲེན་འཐབ་ནི་ཨིན་པས།
སྦྱོང་བརྡར་ནང་ བཅའ་མར་གཏོགས་ན་གཞོན་༡༣༠ ལས་ སྤྲོ་བ་དང་དང་འདོད་ཅན་གྱི་ ན་གཞོན་༡༢ གདམ་ཁ་རྐྱབ་ཐོག་ལས་ གངས་རི་ཧ་ཟས་ལས་སྡེ་ནང་ གནས་སྐབས་ཀྱི་དོན་ལུ་ ལཱ་གི་གོ་སྐབས་སྤྲོད་ནི་ཨིན་པའི་ གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

དཔལ་འབྱོར་གོང་འཕེལ་ནང་ སོ་ནམ་ལས་སྡེ་གིས་ ལྷན་ཐབས་ཉུང་སུ་ལས་བརྒལ་མེདཔ།

༉ མ་གཞི་ སོ་ནམ་ལས་སྡེ་ནང་ རྒྱལ་ཁབ་ཀྱི་ ལས་མི་ཕྱེད་ཀ་དེ་ཅིག་ འབྲེལ་འཛིན་འབད་དེ་ཡོད་རུང་ དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ ཉུང་སུ་ཅིག་ལས་བརྒལ་ ལྷན་ཐབས་འབད་ནི་མེདཔ་ཨིན་པས། འཕྲལ་ཁམས་ཅིག་ཁར་ གསར་བཏོན་འབད་མི་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ ལོ་བསྟར་སྙན་ཞུ་དང་འཁྲིལཝ་ད་ སོ་ནམ་ལས་སྡེ་ནང་ ལཱ་འབད་མི་ …

Leave a Reply

Your email address will not be published. Required fields are marked *