ན་གཞོན་ཚུ་གིས་ ཚོང་ལཱ་འགོ་བཙུགས་ཐབས་ལུ་ དངུལ་འབྲེལ་གྱི་ རྒྱབ་སྐྱོར་འཐོབ་ཚུགས་ནི།

༉ ཁ་ཙ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ཚོང་ལཱ་འབད་མི་ ན་གཞོན་ཚུ་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ རྒྱབ་སྐྱོར་མཐུན་རྐྱེན་ཅིག་ གསར་བཏོན་འབད་ཡིི།
དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ གསེར་ཁྲིར་ཕེབས་ཏེ་ ལོ་ངོ་༡༢ འཁོར་བའི་ དུས་སྟོན་རྩིས་སྲུང་ཞུ་ནི་དང་ ན་གཞོན་ཚུ་གི་ ཚོང་ལཱ་ཐབས་ཤེས་ཡར་འཕར་གཏང་ཐབས་ལུ་དམིགས་ཏེ་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་སྤྱི་འཛིན་ དྲགོས་དཔལ་འབྱོར་གྱིས་ བཤད་མིའི་ནང་ རྒྱབ་སྐྱོར་ཟེར་བའི་གཞི་སྟེགས་དེ་ཡང་ རྒྱལ་ཡོངས་དུས་ཆེན་ཐེངས་༡༠༩ པ་ རྩིས་སྲུང་ཞུ་བའི་སྐབས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དངུལ་ཁང་ཚུ་ལས་ ན་གཞོན་ཚོང་ལཱ་འབད་མི་དང་ ས་གནས་མཐའ་ཟུར་ནང་ སོ་ནམ་དང་འབྲེལ་བའི་ ཚོང་ལཱ་འབད་མི་ཚུ་ལུ་ དངུལ་འབྲེལ་གྱི་ རྒྱབ་སྐྱོར་འབད་དགོ་པའི་ བཀའ་སློབ་གནང་མི་དང་བསྟུན་ གཞི་བཙུགས་འབད་དོ་ཟེར་ཨིན་པས།
སྤྱི་འཛིན་གྱིས་ ན་གཞོན་ཚུ་ལུ་ ཚོང་ལཱ་འབད་ནིའི་ ཐབས་ཤེས་ཡོད་རུང་ མ་དངུལ་མེད་མི་ལུ་བརྟེན་ ཚོང་ལཱ་འགོ་བཙུགས་ནི་ལུ་ ཐོགས་ལུས་ནུག་ཟེར་ བཤད་པའི་ཁར་ རྒྱབ་སྐྱོར་གྱི་ མཐུན་རྐྱེན་ཐོག་ ཚོང་ལཱ་འབད་མི་དང་ མ་རྩ་བཙུགས་མི་ཚུ་ གཅིག་ཁར་ལཱ་འབད་ཚུགས་ཟེར་ བཤདཔ་ཨིན་པས།
གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ མཐུན་རྐྱེན་གསར་བཙུགས་འབད་ནི་དེ་གིས་ ན་གཞོན་ཚུ་ལུ་ དངུལ་ཁང་ལས་ མ་དངུལ་གྱི་ རྒྱབ་སྐྱོར་ལེན་ནི་རྐྱངམ་གཅིག་མེན་པར་ བཟོ་གྲྭ་འཕྲུལ་ཁང་ཆུང་བ་ཚུ་ རྒྱ་སྐྱེད་གཏང་ནི་དང་ ཚོང་ལཱ་ནང་ མ་རྩ་འཛུགས་སྤྱོད་འབད་མི་ཚུ་ འཚོལ་ཐབས་ལུ་ཨིན་པས།
སྤྱི་འཛིན་འོགམ་ དབྱངས་ཅན་མཚོ་རྒྱལ་གྱིས་ སླབ་མིའི་ནང་ ཚོང་ལཱ་འབད་མི་ཚུ་ལུ་ རྒྱབ་སྐྱོར་གཞི་སྟེགས་དེ་གིས་ ཁྲིམས་མཐུན་ཐོག་ མ་རྩ་བཙུགས་མི་འཚོལ་ཏེ་ མཉམ་འབྲེལ་གྱི་ ཚོང་ལཱ་འབད་ནི་ལུ་ རྒྱབ་སྐྱོར་འབད་འོང་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ མ་དངུལ་གྱི་ རྒྱབ་སྐྱོར་ལེན་ནིའི་དོན་ལས་ ཚོང་ལཱ་གི་ ཐབས་ཤེས་བཏོན་མི་༥ གདམ་འཐུ་འབད་ཡོདཔ་བཞིན་དུ་ མ་རྩ་བཙུགས་མི་ཚུ་ལུ་ ཚོང་ལཱ་གི་ བདག་དབང་འདྲན་འདྲ་ འཐོབ་ནི་གི་ འོས་འབབ་ཡང་ བལྟ་འོང་ཟེར་ཨིན་པས།
སྤྱི་འཛིན་འོགམ་གིས་ སླབ་མིའི་ནང་ ན་གཞོན་ཚུ་གི་ ཚོང་ལཱ་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་མ་འབད་བའི་ཧེ་མར་ ཚོང་འབྲེལ་ཐབས་ཤེས་ཚུ་ དབང་འཛིན་དང་ ཐིམ་ཕུག་བརྡ་དོན་གླིང་གའི་ ཁ་ཐུག་ལས་ ཚོང་ལཱ་གི་ འོས་འབབ་ཚུ་ བརྟག་ཞིབ་འབད་འོང་ཟེར་ཨིན་པས།
གཅེས་གཅེས་གཙང་རས་ཀྱི་ ཚོང་ལཱ་འབད་མི་ པདྨ་ཆོས་འཛོམས་ཀྱིས་ སླབ་མིའི་ནང་ ཚོང་ལཱ་འབད་བའི་སྐབས་ མ་དངུལ་གྱི་ རྒྱབ་སྐྱོར་བརྒྱ་ཆ་༧༠ དངུལ་ཁང་ལས་བྱིན་ཏེ་འབད་རུང་ མ་དངུལ་བརྒྱ་ཆ་༣༠ དེ་ རང་གིས་འཚོལ་དགོཔ་ལས་ ཚོང་ལཱ་འགོ་དང་པ་ གཞི་བཙུགས་འབད་མི་ཚུ་ལུ་ ལཱ་ཁག་བཏངམ་མས་ཟེར་ཨིནམ་ད་ འདི་བཟུམ་མའི་ དངུལ་འབྲེལ་རྒྱབ་སྐྱོར་ལུ་བརྟེན་ ཚོང་ལཱ་འགོ་བཙུགས་མི་ཚུ་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
དབང་འཛིན་གྱིས་ སོ་ནམ་དང་འབྲེལ་བའི་ སྐྱིན་འགྲུལ་བརྒྱ་ཆ་ཧྲིལ་བུ་དང་ ཚོང་ལཱ་གཞན་ཚུ་གི་དོན་ལས་ སྐྱིན་འགྲུལ་བརྒྱ་ཆ་༧༠ བྱིན་དོ་ཡོདཔ་ད་ རྒྱབ་སྐྱོར་ཟེར་མི་ གཞི་སྟེགས་དེ་གིས་ ན་གཞོན་ཚུ་གི་ ཚོང་རིག་པ་དང་ ཚོང་ལཱ་གསར་གཏོད་འབད་ནི་ལུ་ ཕན་ཐོགས་འབྱུང་ནི་ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *