ན་གཞོན་ཚུ་གིས་སྤྲོ་བ་ལེན་ཏེ་ གོ་སྐབས་ལེན་པ་ཅིན་ ལཱ་གཡོག་མ་འཐོབ་པའི་ དཀའ་ངལ་མེདཔ།

༉ གཞུང་གིས་ ལཱ་གཡོག་བརྒྱ་ཆ་ལས་ བརྒྱ་སྦེ་བྱིན་ནི་ཨིན་ཟེར་མི་དང་ ད་ལྟོ་ ལཱ་གཡོག་མ་འཐོབ་པའི་ཚད་གཞི་གཉིས་ རྟགས་མི་མཐུན་པས་ཟེར་ སྐྱེངས་མཁར་ཝེ་རིང་ལའི་འཐུས་མི་ རིག་འཛིན་རྒྱ་མཚོ་གིས་ ཞུ་མི་དེ་ལུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་འབད་བ་ཅིན་ གཞུང་གིས་ བཟོ་ཡོད་མི་ལཱ་གཡོག་ཚུ་ནང་ ན་གཞོན་ཚུ་གིས་སྤྲོ་བ་ལེན་ཏེ་ གོ་སྐབས་ལེན་པ་ཅིན་ ལཱ་གཡོག་མ་འཐོབ་པའི་ དཀའ་ངལ་མི་འཐོན་ནི་མས་ཟེར་ཞུ་ཡི།
སྐྱེངས་མཁར་ཝེ་རིང་ལའི་འཐུས་མི་ རིག་འཛིན་རྒྱ་མཚོ་གིས་ ཞུ་དོ་བཟུམ་འབད་བ་ཅིན་ ལོ་༥ གི་ཧེ་མར་ བློན་ཆེན་གྱིས་ འབྲུག་པའི་མི་སེར་ཡོངས་ལུ་ མི་སེར་དམངས་གཙོ་ཚོགས་པ་གིས་ གཞུང་སྐྱོང་ནིའི་ གོ་སྐབས་འཐོབ་པ་ཅིན་ ལཱ་གཡོག་གི་དཀའ་ངལ་དེ་ བརྒྱ་ཆ་ལས་བརྒྱ་སྦེ་ར་ བསལ་ནི་དང་ ལཱ་གཡོག་མ་འཐོབ་མི་ཚུ་ལུ་ ལཱ་གཡོག་གི་འཐུས་བྱིན་ནི་སྦེ་ ཁས་བླངས་འབད་མི་དེ་ལུ་ མི་སེར་ཚུ་ སེམས་དགའ་སྟེ་ཡོད་རུང་ ད་ལྟོ་འབདཝ་ད་ གཞུང་སྐྱོང་སྟེ་ ལོ་༥ ལང་རུང་ ལཱ་གཡོག་མ་འཐོབ་པའི་ཚད་གཞི་དང་ ཁས་བླངས་འབད་མི་གཉིས་ རྟགས་མི་མཐུན་པས་ཟེར་ཞུ་ཡི།
ད་ལྟོ་ ལཱ་གཡོག་མ་ཐོབ་པའི་ ཚད་གཞི་ཡར་འཕར་ཡར་སོང་ཡོདཔ་ད་ དེ་ཡང་ ན་གཞོན་༡༠༠ དེ་ཅིག་ཡོད་མི་ནང་ལས་ ལཱ་གཡོག་མ་འཐོབ་མི་ ན་གཞོན་༢༣ དེ་ཅིག་ འདུག་ཟེར་ཨིན་པས།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་འབད་བ་ཅིན་ མ་གཞི་ཁོ་གིས་ ན་གཞོན་ལཱ་གཡོག་གི་སྐོར་ལས་ ཁ་གསལ་སྦེ་ གསལ་ཞུ་ཕུལ་ནིའི་ མནོ་བསམ་ཡོད་རུང་ གཞུང་གིས་ལཱ་རྒྱ་ཆེ་དྲགས་སྦེ་འབད་ཡོདཔ་ལས་ དུས་ཡུན་སྐར་མ་༧ གྱི་ནང་འཁོད་ལུ་ ཁ་གསལ་ཕུལ་ཚུགས་ནི་ལུ་ ལཱ་ཁག་རྐྱབ་ནི་མས་ཟེར་ཞུ་ཡི།
ན་གཞོན་ལཱ་གཡོག་དགོ་མི་ཡོད་པ་ཅིན་ ད་རིས་ལཱ་གཡོག་འཚོལ་ཏེ་ ནངས་པར་འཐོབ་ནི་ལུ་ ཁས་བླངས་འབད་མི་ཚུགས་ནི་ཨིན་རུང་ ཟླཝ་༡ དང་༣ དེ་ལས་ ལོ་སྦེ་ ལཱ་གཡོག་མེད་པར་སྡོད་དེ་ ལཱ་གཡོག་འཚོལ་མི་ ངོ་མ་ཨིན་པ་ཅིན་ ལཱ་གཡོག་བརྒྱ་ཆ་སྦེ་བྱིན་ཚུགས་ཟེར་ ད་ལྟོ་འབད་རུང་ ཁས་བླངས་འབད་དོ་ཟེར་ཞུ་ཡི།
ད་རེས་ནངས་པ་ ན་གཞོན་མང་ཤོས་ཅིག་གིས་ ཞི་གཡོག་དང་ ཡིག་ཚང་ དེ་ལས་ འཛིན་སྐྱོང་གི་གོ་སྐབས་ར་ འཚོལ་སྡོད་དོ་ཡོདཔ་ལས་ ཁོང་གིས་མནོ་མི་ ལཱ་གཡོག་བྱིན་ཚུགས་ནི་ལུ་ ལཱ་ཁག་རྐྱབ་མས་ཟེར་ཞུ་ཡི།
གཞུང་གིས་ ཧེ་མ་ལས་ ཁས་བླངས་འབད་དོ་བཟུམ་སྦེ་ ལཱ་གཡོག་ངོ་མ་འཚོལ་མི་ཚུ་གི་དོན་ལུ་ གཞུང་གི་ ལཱ་གཡོག་གི་ལས་རིམ་ཡང་ ཡོདཔ་མ་ཚད་ ལཱ་གཡོག་བཟོ་བྱིན་ནིའི་ ལྕོགས་གྲུབ་ཡང་ ཡོད་ཟེར་ཨིན་པས།
ན་གཞོན་ལཱ་གཡོག་མེད་མི་ཚུ་ལུ་ ལཱ་གཡོག་གི་འཐུས་བྱིན་ནི་ཨིན་ཟེར་མིའི་ཐད་ཁར་ འདས་པའི་ལོ་༥ འི་ནང་འཁོད་ལུ་ ན་གཞོན་ཚུ་ལུ་ དངུལ་ཀྲམ་ཐེར་འབུམ་༡ དང་ས་ཡ་༢༠༠ བྱིན་ཡོདཔ་ད་ དེ་གིས་ ལཱ་གཡོག་མེད་མི་ ན་གཞོན་༢༧,༠༠༠ ལུ་ ཕན་ཐོགས་ཅི་ཟེར་ ཞུ་ཡི།
ལཱ་གཡོག་གི་ བརྟག་ཞིབ་དང་འཁྲིལཝ་ད་ ན་གཞོན་ལཱ་གཡོག་མེད་མི་ བརྒྱ་ཆ་༡༣.༢ ཡོད་ཟེར་མི་དེ་ ངེས་བདེན ཨིན་རུང་ འཚོ་བའི་གནས་སྟངས་ཀྱི་བརྟག་ཞིབ་དང་ མི་རློབས་གྲངས་རྩིས་གཉིས་ཀྱི་ བརྟག་ཞིབ་དེ་ རྒྱས་ཤིང་རྒྱསཔ་སྦེ་ འབད་ཡོདཔ་ལས་ དེ་དང་འཁྲིལ་བ་ཅིན་ ན་གཞོན་ལཱ་གཡོག་མེད་མིའི་ གནས་ཚད་དེ་ བརྒྱ་ཆ་༡༡ དང་༡༠.༦ ཨིན་མས་ཟེར་ཞུ་ཡི།
ད་ལྟོ་ ལཱ་གཡོག་མེད་མི་བསྡོམས་༨,༡༠༠ ཡོད་ས་ལས་ ན་གཞོན་འབད་བ་ཅིན་༥,༣༠༠ ལུ་ ལཱ་གཡོག་མེདཔ་ཨིན་པས།
ན་གཞོན་ལཱ་གཡོག་མེད་མི་ཚུ་གི་དོན་ལུ་ ས་སྟོང་མང་རབས་ཅིག་ཡོད་ཟེར་ བློན་ཆེན་གྱིས་ ཞུ་ཡོདཔ་ད་ དེ་ཡང་ ན་གཞོན་༧༠,༠༠༠ ལྷགཔ་ཅིག་ སློབ་གྲྭ་མཐར་འཁྱོལ་ཏེ་ ལཱ་གཡོག་འཚོལ་མིའི་གྲངས་སུ་ འཛུལ་བའི་སྐབས་ དེ་གི་དོན་ལུ་ གཞུང་གིས་ལཱ་གཡོག་༧༤,༠༠༠ ངོས་འཛིན་འབད་མིའི་ནང་ལས་ ན་གཞོན་༦༩,༠༠༠ གིས་ ལཱ་གཡོག་གི་གོ་སྐབས་ལུ་ ལེན་ནུག་ཟེར་ཞུ་ཡི།
དེ་མ་ཚད་ ལས་གཡོག་ལྷན་ཁག་གི་ཁ་ཐུག་ལས་ ལཱ་གཡོག་གི་གོ་སྐབས་༥,༥༠༠ བཟོ་མིའི་ནང་ལས་ ད་ལྟོ་འབད་རུང་༤༨༤ ས་སྟོང་སྦེ་ར་ ལུས་སོ་ནུག་ཟེར་ཨིན་པས།
ད་ལྟོ་ཚུན་ཚོད་ ལཱ་གཡོག་མ་ཐོབ་པའི་དཀའ་ངལ་དེ་ར་ ན་གཞོན་ལ་ལོ་ཅིག་གིས་ ལཱ་གཡོག་ས་སྟོང་ཡོད་མི་དེ་ལུ་ སྤྲོ་བ་མ་ལེད་མི་དང་ ལ་ལོ་ཅིག་གིས་ ས་སྟོང་གསལ་བསྒྲགས་འབད་རུང་ ཧ་མ་གོ་བར་ གོ་སྐབས་མ་ལེན་མི་ལུ་བརྟེན་ བྱུངམ་མས་ཟེར་ཨིན་པས།
དཔེ་འབད་བ་ཅིན་ ན་ཧིང་ རྒྱས་ཡོངས་ཚོགས་སྡེ་ནང་ ཞིབ་འཚོལ་འགོ་དཔོན་༣༤ གི་ གསལ་བསྒྲགས་འབད་བའི་སྐབས་ དེ་གི་དོན་ལུ་ ན་གཞོན་༧༠ གིས་ ཞུ་ཡིག་བཙུགས་མིའི་གྲས་ལས་ ཁོང་༦༨ ལུ་ གོ་སྐབས་བྱིན་པའི་སྐབས་ ཆོས་རྒྱུགས་རྐྱབ་པར་འོང་མི་༤༨ ལས་ མིན་འདུག་ཟེར་ཨིན་པས།
དེ་ནང་ལས་ ཁོང་༣༤ ལུ་ གོ་སྐབས་ཚུ་བྱིན་ཏེ་ ཟླ་ངོ་དག་པ་ཅིག་གི་ཤུལ་ལས་ མི་ངོམ་༧ གྱིས་ དགོངས་ཞུ་འབད་དེ་ ཡར་སོང་ནུག་ཟེར་ཨིནམ་ད་ དེ་སྦེ་འགྱོ་མི་དེ་ཡང་ གོ་སྐབས་ལེགས་ཤོམ་ཐོབ་སྟེ་ འགྱོ་འགྱོཝ་ཨིནམ་ལས་ ལཱ་གཡོག་མེད་པའི་དཀའ་ངལ་དང་ མ་འཐོབ་པའི་དཀའ་ངལ་དེ་ རྩ་ལས་ར་མེད་ཟེར་ བློན་ཆེན་གྱིས་ ཞུ་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *