ཁ་ཙ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྟེ་བ་གིས་ ཐིམ་ཕུག་གེ་སེར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་ནང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་དང་ བརྩི་མཐོང་ཚུ་གི་སྐོར་ལས་ གོ་བརྡའི་ལས་རིམ་འགོ་འདྲེན་འཐབ་ཅི།

ན་གཞོན་ཚུ་གི་རྒྱུད་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་སྐོར་ ཤེས་རྟོགས་ཡར་སྤེལ།

༉ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྟེ་བ་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་ཁག་དང་ མཐོ་རིམ་སློབ་གྲྭ་ བཟོ་རིག་སྤེལ་ཁང་ཚུ་གི་ སློབ་ཕྲུག་ཚུ་ལུ་ དུས་ཡུན་ཟླ་ངོ་༡ གི་རིང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་དང་ བརྩི་མཐོང་ཚུ་གི་སྐོར་ལས་ གོ་བརྡ་སྤྲོད་ནིའི་ ལས་རིམ་དེ་ཡང་ ཁ་ཙ་ ཐིམ་ཕུག་གེ་སེར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་ནང་ལས་སྦེ་ འགོ་བཙུགས་ཅི།
ལས་རིམ་གྱི་ དམིགས་ཡུལ་དེ་ཡང་ ན་གཞོན་ཚུ་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་སྐོར་ལས་ ཤེས་རྟོགས་ཡོདཔ་ བཟོ་ནི་དང་ ད་རེས་ནངས་པའི་ ན་གཞོན་ཚུ་ལུ་བྱུང་མི་ གདོང་ལེན་ཚུ་གི་སྐོར་ གོ་བརྡ་སྤྲོད་ཐབས་ལུ་ཨིན་པས།
རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྟེ་བའི་ བཀོད་ཁྱབ་མདོ་ཆེན་ངོ་ཚབ་ བསོད་ནམས་མཚོ་སྐྱིད་བསྟན་འཛིན་གྱིས་ སླབ་མིའི་ནང་ རྒྱལ་ཡོངས་ཀྱི་གནས་ཚད་ནང་ གཞུང་གི་ཁ་ཐུག་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ གོ་བརྡ་སྤེལཝ་མ་ཚད་ དཔལ་འབྲུག་ཞིབ་འཇུག་ལྟེ་བ་གིས་ ཞིབ་འཚོལ་གྱི་ ལཱ་འབདཝ་བཞིན་དུ་ ན་གཞོན་དང་ མི་སེར་ཚུ་ལུ་ ལྟེ་བ་གིས་སྦེ་ བརྡ་དོན་ཤེས་ཡོན་སྤྲོད་དོ་ཟེར་ཨིན་པས།
ན་གཞོན་ཚུ་གིས་ རིན་ཐང་ཅན་གྱི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བའི་སྐོར་ལས་ ཤེས་དགོཔ་དེ་ ཁག་ཆེ་ཟེར་ མོ་གིས་ བཤད་པའི་ཁར་ ལས་རིམ་དེ་ མ་འོངས་པ་ལུ་ གོང་མའི་ཐུགས་བཞེད་ཚུ་ སེམས་ཁར་བཞག་སྟེ་ དགའ་སྐྱིད་དཔལ་འཛོམས་ཀྱི་ གཞི་རྩ་དང་ གཅིག་མཚུངས་སྦེ་ དགའ་སྐྱིད་དང་ལྡན་པའི་ མི་སྡེ་ག་དེ་སྦེ་འབད་བཟོ་ནི་ཨིན་ན་དང་ ལཱ་ག་ཅི་ར་འབད་རུང་ དྲན་ཤེས་ཀྱི་ཐོག་ལས་ འབད་དགོ་པའི་ ཤེས་ཡོན་སྤྲོད་ཐབས་ལུ་ཨིན་ཟེར་ བཤད་ཅི།
ཁ་ཙའི་ལས་རིམ་ནང་ གསལ་བཤད་པ་༢ ཀྱིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཀ་ཆེན་༤ དང་ འཁོར་ལོ་རྣམ་པ་༩ འི་སྐོར་ལས་ གོ་བརྡ་སྤྲོད་ཡོད་པའི་ཁར་ ལྟེ་བའི་བརྟག་ཞིབ་དང་ མི་སྡེའི་དཀའ་ངལ་ དེ་ལས་ ཁས་བླངས་སྡེ་ཚན་གཞི་བཙུགས་འབད་མིའི་སྐོར་ གསལ་བཤད་འབད་ཡོདཔ་མ་ཚད་ སྒོམ་རྐྱབ་ཐངས་ཀྱི་སྐོར་ལས་ཡང་ སྟོན་བྱིན་ཡི།
བཅའ་མར་གཏོགས་མི་ཚུ་ལུ་ མི་སྡེ་བརྡ་བརྒྱུད་ཀྱི་ ཕན་གནོད་སྐོར་ལས་ གོ་བརྡ་སྤྲོད་པའི་སྐབས་ ལྟེ་བའི་བརྡ་དོན་འགོ་དཔོན་ གོ་པི་ཅཱན་ད་ར་ ཁ་རིལ་གྱིས་འབད་བ་ཅིན་ མི་སྡེ་བརྡ་བརྒྱུད་ནང་ མ་བདེན་པའི་གནས་ཚུལ་དང་ གཏམ་ལེ་ཤ་བཙུགས་ཏེ་འོངམ་ལས་ དྲན་ཤེས་ཀྱི་ཐོག་ལས་ གོ་བ་ལེན་དགོཔ་ཁག་ཆེ་ཟེར་ཨིནམ་ད་ མི་སྡེ་བརྡ་བརྒྱུད་ལག་ལེན་འཐབ་ད་ རིག་པ་གཡོག་བཀོལ་ཐོག་ལས་ ལག་ལེན་འཐབ་དགོཔ་ཁག་ཆེ་ཟེར་བཤད་ཅི།
རྒྱལ་ཁབ་ནང་ མི་རློབས་ཕྱེད་ཀ་དེ་ཅིག་ ན་གཞོན་ཨིནམ་ལས་ ན་གཞོན་ཚུ་གིས་ ད་རེས་ གཞུང་སྐྱོང་ལེགས་ལྡན་བཟོ་ནི་ལུ་ འགན་ཁུར་མ་འབག་པ་ཅིན་ མ་འོངས་པ་ལུ་ གཞུང་སྐྱོང་ལེགས་ལྡན་ག་དེ་སྦེ་བཟོ་ནི་ཟེར་བའི་ དྲི་བའི་ཐོག་ལས་ ཁོ་གིས་ གསལ་བཤད་འབད་ཡོདཔ་ད་ ན་གཞོན་སོ་སོ་གིས་ རྒྱལ་ཁབ་ལུ་ ཕན་ག་དེ་སྦེ་ཐོགས་ཚུགས་ག་ཟེར་བའི་ དྲི་བ་ཡང་ རང་གིས་རང་ལུ་ བཀོད་དགོཔ་ཁག་ཆེ་ཟེར་བཤད་ཅི།
ལས་རིམ་ནང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ རྒྱབ་ཁུངས་དང་ གོ་དོན་ དེ་ལས་ ལག་ལེན་འཐབ་ཐངས་ཀྱི་སྐོར་ལས་ གསལ་བཤད་འབད་ཡོདཔ་ད་ སྐྱེས་ལོ་༡༩ ལང་མི་ སློབ་ཕྲུག་ཕུར་པ་ཚེ་རིང་གིས་ སླབ་མིའི་ནང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ ལག་ལེན་འཐབ་ནི་དེ་ དང་པ་ར་ རང་གིས་རང་ ངོ་ཤེས་ཏེ་ རང་ག་དེམ་ཅིག་ དགའ་ཏོག་ཏོ་ཡོདཔ་ཨིན་ན་ ཤེས་ཞིནམ་ལས་རྐྱངམ་གཅིག་ མི་སྡེ་ནང་ འབྲེལ་བ་འཐབ་སྟེ་ སྤེལ་ཚུགས་ནི་མས་ཟེར་ཨིན་པས།
ན་གཞོན་ནིར་མ་ལ་དར་ཇི་གིས་ རྒྱལ་ཡོངས་དགའ་དཔལ་འཛོམས་ཀྱི་ ལོ་རྒྱུས་སླབ་ད་ དགའ་སྐྱིད་དེ་ རང་གི་ནང་ན་ལས་ འོང་དགོ་པས་ཟེར་ བཤད་པའི་ཁར་ འཁོར་ལོ་རྣམ་པ་དགུའི་གྲས་ལས་ གསོ་བའི་སྐོར་ གསལ་བཤད་འབདཝ་ད་ ཤུལ་ལས་ མོ་ར་ ནདཔ་ལྟ་རྟོག་འབད་མི་ཅིག་འབདཝ་ལས་ ནདཔ་ཚུ་ལུ་ ཡང་དག་དང་ དྲན་ཤེས་ཀྱི་ཐོག་ལས་ ཁོང་ལུ་ རྒྱབ་སྐྱོར་འབད་བ་ཅིན་ འདི་ར་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཨིན་པས་ཟེར་བཤད་ཅི།
ལྟེ་བ་གིས་ གོ་བརྡའི་ལས་རིམ་དེ་ སྤྱི་ལོ་༢༠༡༧ ལས་ འགོ་བཙུགས་ཏེ་ ལོ་གཅིག་ནང་ ཚར་༢ འགོ་འདྲེན་འཐབ་ཡོདཔ་ཨིན་རུང་ ད་ལས་ཕར་ ལོ་རེ་ནང་ ཚར་༤ རེ་ འགོ་འདྲེན་འཐབ་ནི་གི་ འཆར་གཞི་ཡོད་ཟེར་ བཀོད་ཁྱབ་མདོ་ཆེན་ ངོ་ཚབ་ཀྱིས་ བཤད་ཅི།
རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྟེ་བ་དེ་ མི་དབང་རྒྱལ་པོའི་སྲསམོ་ སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གི་ སྐྱབས་འཛིན་འོག་ལུ་ སྤྱི་ལོ་༢༠༡༢ ཟླ་༨ པའི་ཚེས་༡༨ ལུ་ མི་སྡེ་ལས་ཚོགས་ཅིག་སྦེ་ གཞི་བཙུགས་འབད་ཡོདཔ་ད་ དེ་ཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དེ་ མི་དབང་འབྲུག་རྒྱལ་ཞིབ་པ་ དཔལ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་གིས་ སྤྱི་ལོ་༡༩༧༠ ལུ་ འགོ་བཙུགས་གནང་མི་ལུ་ གུས་བཏུད་ཞུ་ཐབས་ལུ་ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *