པདྨ་བློ་གྲོས་དང་ ཁོ་རའི་ཨམ་སྲུ་ ལྷ་མོ་སྒྲོལ་མ་གིས་ ཆུ་གོན་གྱི་ལྕངམ་ བཙུགས་པའི་བསྒང་།

ན་གཞོན་བཟའ་ཚང་ཅིག་གིས་ ཚོད་བསྲེའི་ལཱ་འབད་ནི་ལུ་ སེམས་ཤུགས་བསྐྱེད་དོ་ཡོདཔ།

༉ ལོ་༡༥ ལྷགཔ་ཅིག་གི་རིང་ ས་ཞིང་སྟོངམ་སྦེ་བཞག་མི་དེ་ ད་རེས་ ན་གཞོན་བཟའ་ཚང་ཅིག་གིས་ གླར་སྤྱོད་ཐོག་ ཚོད་བསྲེ་ལྡུམ་རའི་ལས་འགུལ་ འགོ་བཙུགས་མི་དེ་གིས་ མོང་སྒར་དང་ ལྷུན་རྩེ་རྫོང་ཁག་༢ ཀྱི་མི་སེར་ཚུ་ལུ་ དཔེ་སྟོན་བཟུམ་ཅིག་སྦེ་ མཐོང་གསལ་བྱུངམ་ཨིན་པས།
དེ་ཡང་ མོང་སྒར་ཁྲོམ་ལས་ ཀི་ལོ་མི་ཊར་༣༠ ལྷགཔ་ཅིག་གི་ས་གནས་ རི་ཝཱན་ལུ་ སྐམ་ཞིང་རྒྱ་ཆེ་དྲགས་སྦེ་ ཡོད་མི་དེ་ ལོ་བཅུ་ཕྲག་༡ ལྷགཔ་གི་རིང་ བཟའ་སྤྱོད་འབད་མ་ཚུགས་པར་ ཚལ་མ་ལུ་གྱུར་ཡོད་པའི་ཁར་ མོང་སྒར་དང་ ལྷུན་རྩེ་རྫོང་ཁག་གི་ གཞུང་ལམ་འོག་ལུ་ ཁྱིམ་ཐོག་ཚད་༢ ཡོད་མི་དེ་ཡང་ རྙིངམ་ཐལ་སོཔ་ལས་ གནམ་ནུབ་མོ་ རྒྱུན་འགྲུལ་འཐབ་མི་ཚུ་ཡང་ འདྲོག་སྦྱེལ་འཐབ་སྟེ་འདུག།
ཨིན་རུང་ ད་རེས་ནངས་པར་ བཟའ་ཚང་༢ ཀྱིས་ ཁྱིམ་གྱི་མཐའ་འཁོར་ ཧིང་སངས་ས་བཟོ་བའི་ཁར་ ཚལ་མ་བསལ་བའི་གུ་ ཚོད་བསྲེའི་རིགས་འཛུགས་སྐྱོང་འབད་ཡོདཔ་ལས་ ཉིནམ་རེ་ཆད་མེད་པར་ རྒྱུན་འགྲུལ་འཐབ་མི་ ཞི་གཡོགཔ་དང་ སྒེར་སྡེ་ དེ་ལས་ སོ་ནམ་པ་དང་ ན་གཞོན་ཚུ་གིས་ དྲི་དཔྱད་འབད་དོ་ཡོདཔ་ཨིན་པས།
ལྷུན་རྩེ་སྨིན་རྗེ་རྒེད་འོག་ ཀུ་པི་ཉལ་ས་གཡུས་ཚན་ལས་ སྐྱེས་ལོ་༢༧ ལང་མི་ པདྨ་བློ་གྲོས་དང་ ཁོ་རའི་ཨམ་སྲུ་ སྐྱེས་ལོ་༢༥ ལང་མི་ ལྷ་མོ་སྒྲོལ་མ་གཉིས་ཀྱིས་ ལོ་༤ གི་དོན་ལུ་ སའི་ཇོ་བདག་ལས་ ས་ཆ་གླར་སྤྱོད་ལེན་མི་དེ་ མི་སྡེའི་དཔལ་འབྱོར་ལྷན་ཐབས་དང་ སོ་ནམ་ཐོན་སྐྱེད་གོང་འཕེལ་ དེ་ལས་ ན་གཞོན་ཚུ་གིས་ འོང་འབབ་ཀྱི་ལཱ་འབད་ནིའི་ སྤྲོ་བ་བསྐྱེད་བཅུག་ཐབས་ལུ་ གཙོ་རིམ་བཟུང་ཡོདཔ་ཨིན་པས།
པདྨ་བློ་གྲོས་ཀྱིས་ སླབ་མིའི་ནང་ རྒྱལ་ཁབ་ཀྱི་ ས་གནས་ཐདམ་ཐད་ཁ་ལས་ཕར་ གྲོང་གསེབ་ལས་ ཁྲོམ་ཁར་གནས་སྤྲོ་འགྱོ་བའི་གནད་ལས་ བཟའ་སྤྱོད་འབད་མ་ཚུགས་པར་ལུས་མི་ ཞིང་སྟོངམ་ཚུ་ ལོག་བཟའ་སྤྱོད་འབད་བཅུག་ནི་དེ་ གཞུང་གི་སྲིད་བྱུས་དང་ སོ་ནམ་ལྷན་ཁག་གི་ འཆར་གཞི་གོང་འཕེལ་གྱི་ དམིགས་ཡུལ་ཨིནམ་ལས་ དུས་ཅི་ ཚོད་བསྲེ་ལྡུམ་ར་ལས་འགུལ་ འགོ་བཙུགས་ཏེ་ཡོད་ཟེར་ཨིན་པས།
པདྨ་བློ་གྲོས་ཀྱིས་ སླབ་མིའི་ནང་ ཟད་འགྲོ་དངུལ་ཀྲམ་༥༠༠,༠༠༠ ལྷགཔ་ཅིག་བཏང་སྟེ་ སྐམ་ཞིང་ཨེ་ཀར་༡ ནང་ ཆུ་གོན་གྱི་ལྕངམ་༦༥༠ འཛུགས་སྐྱོང་འབད་ཡོདཔ་མ་ཚད་ ས་ཆ་ཨེ་ཀར་ཕྱེད་དང་༢ ནང་ ཀེ་བའི་སོན་ཀེ་ཇི་༦༠༠ དང་ སྲནམ་ཅུམ་ དེ་ལས་ ཀ་ཀུ་རུ་ཚུ་ འཛུགས་སྐྱོང་འབད་དེ་ཡོད་ཟེར་ཨིན་པས།
དེ་ཡང་ ཝེང་མཁར་ལུ་ཡོད་པའི་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཞིབ་འཚོལ་ལྟེ་བ་ལས་ སོན་དང་ ལྕངམ་ཚུ་ གྲོགས་རམ་སྦེ་ ཐོབ་ཡོདཔ་མ་ཚད་ བཙུགས་ཐང་ལས་འགོ་བཙུགས་ འཛིན་སྐྱོང་འབད་ཐངས་ཀྱི་ སྦྱང་བ་ཚུ་ཡང་ བྱིན་ཡི་ཟེར་ སླབ་ཨིན་པས།
ཆུ་གོན་འཛུགས་སྐྱོང་འབད་མི་དེ་ ཟླཝ་༢ ཀྱི་རྒྱབ་ལས་ འཚོ་ནི་ཨིནམ་ལས་ རྫོང་ཁག་༤ ནང་ བཙོང་ནིའི་འཆར་གཞི་ཡོདཔ་མ་ཚད་ ཀེ་བའི་ཐོན་སྐྱེད་ཚུ་ རྫོང་ཁག་༢༠ ནང་ བཀྲམ་སྤེལ་འབད་ནི་ཨིན་ཟེར་ཨིན་པས།
དམིགས་བསལ་དུ་ གནམ་དགུན་གྱི་དུས་ཚོད་ལུ་ ཨེ་མ་ཐོན་སྐྱེད་འབད་ཞིནམ་ལས་ རྫོང་ཁག་༢ ནང་ བཀྲམ་སྤེལ་འབད་ནིའི་ དམིགས་གཏད་དང་བསྟུན་ དུས་ཅི་ལས་ ཨེ་མའི་ལྕངམ་ཚུ་ཡང་ འཛུགས་སྐྱོང་འབད་ནི་ཨིན་པས།
དེ་མ་ཚད་ བྱ་གསོ་སྐྱོང་དང་ ནོར་གསོ་སྐྱོང་ཡང་ གནས་སྟངས་དང་འཁྲིལ་ གཞི་བཙུགས་འབད་ནི་ཨིན་ཟེར་ སྐྱེས་ལོ་༢༥ ལང་མི་ པདྨ་བློ་གྲོས་ཀྱི་ཨམ་སྲུ་ ལྷ་མོ་སྒྲོལ་མ་གིས་ སླབ་ཨིན་པས།
ལྷ་མོ་སྒྲོལ་མ་གིས་འབད་བ་ཅིན་ ད་རུང་ རྒྱུན་འགྲུལ་འཐབ་སའི་ཉེ་འདབས་ལུ་ བཟའ་སྤྱོད་འབད་མ་ཚུགས་པར་ལུས་མི་ ས་ཞིང་སྟོངམ་ཚུ་ཡང་ གླ་ཁར་ལེན་ནིའི་དོན་ལུ་ ད་ལྟོ་ ལྟ་བའི་བསྒང་ཡོད་ཟེར་ སླབ་ཨིན་པས།
པདྨ་བློ་གྲོས་ཀྱིས་ སླབ་མིའི་ནང་ ཁོ་ར་ལོ་༢ དེ་ཅིག་ ཐིམ་ཕུག་ལུ་ ཚོང་རྐྱབ་སྟེ་སྡོད་ཡོདཔ་ད་ ཁོ་རའི་ཨམ་སྲུ་དེ་ ཟ་ཁང་ཅིག་ནང་ ལཱ་འབད་དེ་ཡོད་རུང་ འཐོན་འོང་དགོཔ་ བྱུང་ཡི་ཟེར་ཨིན་པས།
པདྨ་བློ་གྲོས་དེ་ ལོ་༢༠ ལྷགཔ་ཅིག་གི་རིང་ སློབ་གྲྭ་དང་ གྲྭ་ཚང་ དེ་ལས་ ཁྲོམ་ནང་སྡོད་པའི་ཤུལ་ལུ་ ད་རེས་ འགོ་དང་པ་ སོ་ནམ་གྱི་ལཱ་འབདཝ་ད་ ཉམས་མྱོང་མེདཔ་མ་ཚད་ རིག་རྩལ་ཡང་མེདཔ་ལས་ ཟླ་ངོ་༢ ལྷགཔ་ཅིག་ དཀའཝ་སྤྱད་དགོཔ་བྱུང་ནུག།
ཙ་ཀ་གླིང་རྒེད་འོག་ སྟག་ཁམ་སྦིས་གཡུས་ཚན་ལས་ སོ་ནམ་པ་ཅིག་ཨིན་མི་ ཀུན་ལེགས་ཀྱིས་ སླབ་མིའི་ནང་ ན་གཞོན་ཚུ་གིས་ སོ་ནམ་ལས་འགུལ་ གཞི་བཙུགས་འབད་མི་དེ་ ན་གཞོན་ལཱ་གཡོག་མེད་མི་དང་ གཡུས་ཁའི་སོ་ནམ་པ་ཚུ་ལུ་ཡང་ དཔེ་སྟོན་བཟུམ་ཅིག་ ཨིན་མས་ཟེར་ཨིན་པས།
ཙ་ཀ་གླིང་རྒེད་འོག་གི་ སོ་ནམ་རྒྱ་བསྐྱེད་འགོ་དཔོན་ བསོད་ནམས་སྒྲོལ་དཀར་གྱིས་ སླབ་མིའི་ནང་ ཁྲོམ་ཁར་ གནས་སྤོ་འགྱོ་མི་ཚུ་ཡང་ ལོག་གཡུས་ཁར་འོང་སྟེ་ སོ་ནམ་གྱི་ ལཱ་འབད་ནི་འགོ་བཙུགས་ཡོདཔ་མ་ཚད་ ས་ཞིང་སྟོངམ་བཞག་མི་ཚུ་ཡང་ བཟའ་སྤྱོད་འབད་ནི་ འགོ་བཙུགས་ཏེ་ཡོད་ཟེར་ཨིན་པས།
ཝེང་མཁར་རང་བཞིན་སླར་འབྱུང་ཐོན་སྐྱེད་ཞིབ་འཚོལ་ལྟེ་བ་ལས་ ལས་རིམ་མདོ་ཆེན་ ཕུརཔ་གིས་ སླབ་དོ་བཟུམ་འབད་བ་ཅིན་ པདྨ་བློ་གྲོས་ལུ་ ལཱ་འབད་ཐངས་ཀྱི་རིག་རྩལ་དང་ སྦྱོང་བརྡར་ཚུ་ ཞིབ་འཚོལ་འགོ་དཔོན་ཚུ་གིས་ བྱིན་ཡོདཔ་མ་ཚད་ ཤིང་གི་ལྕངམ་དང་ ཚོད་བསྲེའི་སོན་ཚུ་ རྒྱབ་སྐྱོར་འབད་བྱིན་ཡི་ཟེར་ ཨིན་པས།
པདྨ་བློ་གྲོས་དང་ ལྷ་མོ་སྒྲོལ་མ་གཉིས་ཀྱིས་ སླབ་མིའི་ནང་ དེ་བཟུམ་གྱི་ ལཱ་འབད་ནི་དེ་ ཁོང་གི་མི་ཚེ་ནང་ འགོ་དང་པ་ཨིནམ་ལས་ གྲུབ་འབྲས་ག་དེ་སྦེ་ འཐོན་ཚུགས་གའི་ ཚ་གྱང་ལངམ་མས་ཟེར་ཨིན་པས།
གླར་སྤྱོད་འབད་མི་ ས་ཆ་དེ་ ཙ་ཀ་གླིང་སྣག་ཚང་གི་ཨིནམ་ལས་ ལོ་༤ ཚུན་ ལོ་བསྟར་ས་རིན་དངུལ་ཀྲམ་༡༨,༠༠༠ རེ་ སྤྲོད་ནི་སྦེ་ གན་རྒྱ་བཟོ་ཡོདཔ་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *