དྲུང་འཚོ་བདག་སྲུང་གི་ཐབས་ལམ།

༉ ད་རེས་ནངས་པར་ རྒྱལ་ཁབ་ནང་ ནད་རིགས་མ་འདྲཝ་ ལེ་ཤ་ཐོན་པའི་བསྒང་ལས་ འདི་དང་བསྟུན་པའི་ དྲུང་འཚོ་ཚུ་ཡང་ མེད་ཐབས་མེདཔ་ཅིག་ལུ་ གྱུར་ཡོདཔ་ལས་ རྒྱལ་ཁབ་ཀྱི་ གནས་སྟངས་འདི་ ག་ཅི་བཟུམ་ཅིག་ནང་ ལྷོད་ཡོདཔ་ཨིན་ན་ བརྟག་ཞིབ་འབད་དགོཔ་འདུག།
དེ་ཡང་ ག་དེ་སྦེ་སྨོ་ཟེར་བ་ཅིན་ གཞུང་གིས་ ཐུགས་བཞེད་རྒྱ་ཆེ་ས་ལས་གནང་སྟེ་ གསོ་བའི་འཕྲོད་བསྟེན་གྱི་དོན་ལུ་ སྨན་ཁང་ཚུ་ ཆེ་འབྲིང་ཆུང་གསུམ་སྦེ་ གཞི་བཙུགས་འབད་དེ་ཡོདཔ་ད་ སྨན་ཁང་ཚུ་ ག་ནི་བ་ ལེགས་ཆ་དང་ལྡནམ་སྦེ་ བཟོ་སྐྲུན་འབད་བའི་ཤུལ་ལུ་ དེ་ནང་ ལག་ལེན་འཐབ་མི་ དྲུང་འཚོ་མཁས་མཆོག་ཚུ་ཡང་ དགོཔ་ངེས་བདེན་ཅིག་ལུ་གྱུར་ནུག།
དེ་འབདཝ་ད་ སྤྱིར་བཏང་དྲུང་འཚོ་གི་ ཤེས་ཡོན་སྦྱང་མི་ ལེ་ཤ་ཡོད་པའི་གྲས་ལས་ དམིགས་བསལ་གྱི་ དྲུང་འཚོ་མཁས་མཆོག་ཅན་ དག་པ་ཅིག་མ་གཏོགས་ རྒྱལ་ཁབ་ནང་མིན་འདུག།
དྲུང་འཚོ་མཁས་མཆོག་ལངམ་མེད་པའི་ དཀའ་ངལ་རྐྱངམ་གཅིག་མེན་པར་ སྤྱིར་བཏང་དྲུང་འཚོ་ཡང་ ལངམ་མེད་པའི་ ལོ་རྒྱུས་འདུག།
རྒྱལ་ཁབ་ཀྱི་མི་རློབས་ ལོ་བསྟར་བཞིན་དུ་ ཡར་འཕར་འགྱོ་མི་ལུ་བརྟེན་ ནདཔ་གི་གྱངས་ཁ་ཡང་ འདས་པའི་ལོ་ངོ་བཅུ་ཕྲག་དང་ཕྱདཔ་ད་ ལོག་ལྟབ་ཀྱིས་ ཡར་སེང་སོང་ཡོདཔ་ད་ ནདཔ་གི་གྱངས་ཁ་ ཡར་འཕར་འགྱོ་བའི་བསྒང་ལས་ དྲུང་འཚོ་མ་ལང་པའི་དཀའ་ངལ་ འཐོན་ནི་དེ་ རང་བཞིན་ཅིག་འབདཝ་ལས་ ད་ལྟོའི་གནས་སྟངས་ནང་ བཟུམ་ཅིག་འབད་བ་ཅིན་ དྲུང་འཚོ་མཁས་མཆོག་རེ་གིས་ ནདཔ་༨,༠༠༠ དེ་རེ་ བརྟག་ཞིབ་འབད་དགོཔ་ཨིན་མས།
དྲུང་འཚོ་མཁས་མཆོག་ ལངམ་མེད་པའི་ དཀའ་ངལ་ཡོད་མིའི་གུ་ འདས་པའི་ལོ་ལྔ་གི་ནང་ དྲུང་འཚོ་མཁས་མཆོག་༥ དགོངས་ཞུ་འབད་ཡོདཔ་ད་ རྩིས་བཀོད་ལྟར་དུ་འབད་བ་ཅིན་ ལོ་བསྟར་བཞིན་དུ་ དྲུང་འཚོ་མཁས་མཆོག་རེ་གིས་ དགོངསམ་ཞུ་སྟེ་ འགྱོ་དོ་ཡོདཔ་ཨིན་མས།
དྲུང་འཚོ་མཁས་མཆོག་ ལ་ལོ་ཅིག་ དགོངས་ཞུ་འབད་མི་དེ་ཡང་ ཕྱི་རྒྱལ་ལུ་ གོ་སྐབས་ལེགས་ཤོམ་ཐོབ་མི་ལུ་བརྟེན་ཨིན་རུང་ དྲུང་འཚོ་མང་ཤོས་ར་ གཞུང་གིས་ བློ་གཏད་ཐོག་ལས་ ཟད་འགྲོ་སྦོམ་བཏང་སྟེ་ དྲུང་འཚོའི་ཤེས་ཡོན་སྦྱང་བཅུག་པའི་མཐའ་མར་ རྒྱལ་ཁབ་དང་ མི་སེར་ལུ་ ཕྱག་ཞུ་ནི་ འགོ་བཙུགསཔ་ཅིག་ར་ ཕྱི་རྒྱལ་གྱི་ དྲུང་འཚོ་དང་ དོ་འགྲན་ཐོག་ ཐོབ་ལམ་གྱི་ རིམ་བཀོད་འབད་མི་དེ་ དུམ་གྲ་ཅིག་ རྒྱབ་འགལ་བཟུམ་སྦེ་ཚོརཝ་མས།
འདི་བཟུམ་མའི་ གནས་སྟངས་ནང་ གཞུང་གི་ཁ་ཐུག་ལས་འབད་རུང་ དྲུང་འཚོ་མཁས་མཆོག་ཚུ་ བདག་སྲུང་འབད་ནིའི་ དུས་ཚོད་རན་ཡོདཔ་ད་ དྲུང་མཚོ་ཚུ་ དགོངས་ཞུ་འགྱོ་མིའི་ རྒྱུ་རྐྱེན་ཅིག་ དངུལ་ཕོགས་དང་ འཐུས་ ཐོབ་ལམ་ལེགས་ཤོམ་ མེད་མི་ལུ་བརྟེན་ཨིན་པ་ཅིན་ ལྷན་ཁག་དང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཐབས་བྱུས་བཏོན་དགོཔ་དེ་གལ་ཆེ།
གལ་སྲིད་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཞི་གཡོག་པའི་ བཅའ་ཡིག་དང་ སྒྲིག་གཞི་དང་ འཁྲིལ་དགོ་པ་ཅིན་ མ་འོངས་པ་ལུ་ དྲུང་འཚོ་མཁས་མཆོག་ཚུ་ བདག་སྲུང་འབད་ཚུགས་པར་ ལཱ་ཁག་འོང་ནི་ཨིནམ་ལས་ དྲུང་འཚོ་ཚུ་ རང་གི་རྒྱལ་ཁབ་ནང་ར་ ལཱ་འབད་ནི་ལུ་ སྤྲོ་བ་དང་ སེམས་ཤུགས་འབྱུང་ཚུགས་པའི་ ཐབས་ལམ་བཏོན་དགོཔ་འདུག་ཟེར་ ཞུ་ནི་ཨིན།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *