དྲུང་ཆེན་ཚོགས་ཆུང་བསྐྱར་འཛུགས།

༉ ལྷན་རྒྱས་གཞུང་ཚོགས་ཀྱིས་ དྲུང་ཆེན་ཚོགས་ཆུང་ བསྐྱར་འཛུགས་འབད་ཐོག་ལས་ འདས་པའི་གཞུང་གི་ གྲོས་ཆོད་བསྒྱུར་བཅོས་བཏང་མི་དེ་ གཞུང་སྐྱོང་གསར་པའི་ མཛད་རིམ་དང་པ་འོང་ནི་ཨིན་མས།
འདས་པའི་ལྷན་རྒྱས་གཞུང་ཚོགས་ལུ་ དྲུང་ཆེན་ཚོགས་ཆུང་གིས་ཡང་ གཞུང་སྐྱོང་གི་ འགན་ཁུར་གཅིག་མཚུངས་འབག་དོ་བཟུམ་མའི་ ཚོར་སྣང་བྱུང་མི་དེ་ཡང་ དྲུང་ཆེན་ཚུ་ལུ་ ཕྱི་རྒྱལ་གྱི་ སྲིད་བྱུས་ལ་སོགས་པའི་ གནད་དོན་ཚུ་ནང་ ཐག་བཅད་ཀྱི་ དབང་ཚད་མེད་རུང་ ཁོང་གིས་ ཐག་བཅད་མི་ལུ་བརྟེན་ཨིན་མས།
ད་རེས་ ལྷན་རྒྱས་གཞུང་ཚོགས་གསརཔ་གིས་ དྲུང་ཆེན་ཚོགས་ཆུང་བསྐྱར་འཛུགས་འབད་དགོ་མི་དེ་ ཚོགས་ཆུང་གིས་ ལྡོག་ཕྱོགས་སྦེ་མེན་པར་ ལྷན་རྒྱས་གཞུང་ཚོགས་ལུ་ གྲོས་སྟོན་དང་ གྲོས་འདེབས་ཞུ་མིའི་ འགན་ཁུར་འབག་ཐབས་ལུ་ཨིནམ་སྦེ་ རྒྱུ་མཚན་བཤད་པའི་ཁར་ ཞི་གཡོག་གནས་རིམ་ནང་ གོ་གནས་མཐོ་ཤོས་འཆང་མི་ དྲུང་ཆེན་ཚུ་ཡོད་མི་ ཚོགས་ཆུང་དེ་ལུ་ འགན་ཚད་དམ་ འགན་དབང་གི་གཞི་རྟེན་ལམ་ལུགས་ བཟོ་དགོཔ་ཡང་མེད་ཟེར་ཨིན་མས།
འདི་བཟུམ་མའི་ ཐུགས་ཐག་བཅད་གནང་མི་དེ་ དགོས་མཁོ་ཡོད་མི་ལུ་བརྟེན་ འོང་སྲིད་ནི་ཨིན་རུང་ གཞུང་གི་ཧོངས་ལས་ མཉམ་འབྲེལ་གྱི་ ཐབས་ལམ་ཅིག་སྦེ་ གཞི་བཙུགས་འབད་མི་དང་ ཞི་གཡོག་ལམ་ལུགས་ནང་ གྲོས་ཐག་བཅད་མིའི་ གནས་རིམ་མཐོ་ཤོས་ཨིནམ་སྦེ་ ཡིད་ཆེས་བསྐྱེད་གནང་མི་དེ་ལུ་ སྤྱིར་བཏང་གིས་ ལེགས་བསྟོད་དང་བཅསཔ་སྦེ་ ངོས་ལེན་འབད་བའི་ མངོན་གསལ་བྱུངམ་མས།
འདི་འབདཝ་ད་ དྲུང་ཆེན་ཚོགས་ཆུང་ལུ་ ཁྲིམས་ཀྱི་གཞི་ཁུངས་མེདཔ་མ་ཚད་ ཚོགས་ཆུང་གཞི་བཙུགས་ ཡང་ཅིན་ རྩ་གྲོལ་གཏང་ནི་དེ་ ད་རེས་ནངས་པར་ སྲིད་དོན་གྱི་ ཁྱད་དབང་བཟུམ་ཅིག་ལུ་ གྱུར་དོ་བཟུམ་མའི་ ཚོར་སྣང་ཡང་བྱུངམ་ཨིན་མས།
ད་རེས་ གཞུང་གིས་ དྲུང་ཆེན་ཚོགས་ཆུང་ བསྐྱར་འཛུགས་འབདཝ་དང་འབྲེལ་ ཞི་གཡོག་ནང་འཁོད་ལུ་ ད་ལས་ཕར་ ག་ཐོབ་དང་ ག་ཚུད་ཐོག་ གློ་བུར་གྱི་ གྲོས་ཐག་མ་བཅད་པར་ ཐབས་རིག་མཁས་མཆོག་ཚུ་དང་ གྲོས་བསྟུན་འབད་ཞིནམ་ལས་ ཐག་བཅད་འོང་ཟེར་བའི་ ཞི་ཡོགཔ་ཚུ་ལུ་ ཚོར་སྣང་བྱུང་དོ་ཡོདཔ་ད་ མ་གཞི་ ཚོགས་ཆུང་དེ་ལུ་ ཁྲིམས་ཀྱི་གཞི་ཁུངས་མེད་རུང་ དེ་ནང་ ཞི་གཡོགཔ་ཚུ་ཡོདཔ་ལས་ ཞི་གཡོག་བཅའ་ཁྲིམས་དང་ ཞི་གཡོག་བཅའ་ཡིག་དང་འཁྲིལ་ འགན་ཁུར་འབག་དགོཔ་ལས་ སྟབས་མ་བདེཝ་ཅིག་ མི་མཐོངམ་མས།
དེ་གི་ནང་དོན་ཉིད་ལས་ ཞི་གཡོགཔ་ཚུ་གི་ འགན་ཁུར་ངོ་མ་ར་ ཁག་ཆེ་བའི་ གྲོས་ཐག་བཅད་ནིའི་ བྱ་རིམ་ཚུ་ གྲ་སྒྲིག་འབད་ནི་དང་ སྦ་གསང་མེད་པར་ བརྡ་དོན་སྤྲོད་ནི་ དེ་ལས་ ཁོང་གི་འགོ་འཛིན་དང་ མཉམ་རོགས་ རང་སོའི་ལྟ་བཀོད་འོག་ལུ་ ལཱ་འབད་མི་ ལས་གཡོགཔ་ཚུ་གིས་ རང་སོའི་འགན་ཁུར་ ཁྱད་གཡོག་དང་ ཀུན་སྤྱོད་རྣམ་གཞག་གི་སྒོ་ལས་ ཕྱག་ཞུ་སྟེ་ཡོད་མེད་སྐོར་ བསམ་ལན་བྱིན་ནི་དང་ ལས་སྡེའི་དམིགས་ཡུལ་ཚུ་ འགྲུབ་ཐབས་ལུ་ ཕན་རླབས་ཆེ་བའི་ བསླབ་བཀོད་དང་ ལམ་སྟོན་ཚུ་བྱིན་ནི་དེ་ཨིན།
སྐབས་སུ་བབས་པའི་ གནད་དོན་འདི་གི་ཐད་ལུ་ དྲུང་ཆེན་ཚོགས་ཆུང་གི་ བྱ་སྒོ་ཚུ་ ག་ཅི་ཨིན་ན་ ཧ་གོ་དགོཔ་འདི་ ག་ནི་བ་གལ་ཆེ། ག་འཆརཔ་ཟེར་བ་ཅིན་ ཚོགས་ཆུང་གི་ ཁག་འགན་དེ་ གྲོས་ཐག་བཅད་ནི་མེན་པར་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཐུགས་ཐག་བཅད་མི་ཚུ་ལུ་ གཞི་བཞག་སྟེ་ བསླབ་བཀོད་དང་ གྲོས་འདེབས་ཕུལ་ནི་དེ་ཨིནམ་ལས་ འདས་པའི་གཞུང་གིས་ ཁ་ཉེས་བཀལ་དོ་བཟུམ་ གཞུང་ཁག་གཉིས་སྦེ་ སྐྱོང་ནི་མེན་པར་ གཞུང་གི་མཛད་སྒོ་ཚུ་ལུ་ རྒྱབ་སྐྱོར་ཕུལ་ནི་དེ་ཨིན།
འདི་འབདཝ་ལས་ དྲུང་ཆེན་ཚུ་གི འགན་ཁུར་དེ་ གཞུང་གི་གྲོས་ཆོད་བསྟར་སྤྱོད་འབད་ནི་ཚུ་ཨིན་རུང་ མི་སེར་ལུ་ ལན་སླབ་ནི་དང་ མཛད་བྱའི་འགན་འཁྲི་དེ་ གཞུང་ལུ་ཕོགཔ་ཨིན།
དྲུང་ཆེན་ཚོགས་ཆུང་དང་ ལྷན་རྒྱས་གཞུང་ཚོགས་ཀྱིས་ མི་སེར་དང་ རྒྱལ་ཁབ་ཀྱི་དོན་ལུ་ མཉམ་འབྲེལ་ཐོག་ལས་ འཆར་གཞི་བརྩམས་ཏེ་ གྲོས་ཐག་བཅད་དོ་ཡོདཔ་ལས་ འདས་པའི་ཉམས་མྱོང་ཐོབ་མི་དང་ ཤེས་མྱོང་མེད་མི་ཚུ་ལས་ ལྷབ་སྦྱང་དང་ དྲན་ཤེས་བཏོན་དགོཔ་ཡོདཔ་བཞིན་དུ་ གྲོས་ཆོད་དང་ འཆར་གཞི་ཚུ་ བསྟར་སྤྱོད་འབདཝ་ད་ སྟབས་མ་བདེཝ་དང་ གདོང་ལེན་ཚུ་ འབྱུང་སྲིད་ནི་ཨིན་རུང་ མི་སེར་ཚུ་གི་དོན་ལུ་ཨིན་མི་ གོང་འཕེལ་ལས་སྣ་ཚུ་ལུ་ ཐོ་ཕོག་བཅུག་ནི་མི་འོང་།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *