༉ བཀྲ་ཤིས་སྒང་རྫོང་ཁག་གི་ བྱང་ཕྱོགས་ཁ་ཐུག་ལུ་ ལ་མཐོ་སར་སྡོད་མི་ མེ་རག་གི་ མི་སེར་ཚུ་གི་ ཁ་སྐད་ནང་ ཡོ་ཤ་ཟེར་སླབ་མི་ ཟོས་ཏོས་དེ་ བཟའ་སྤྱོད་ཀྱི་རིགས་ ག་ཅི་ནང་ར་ཨིན་རུང་ ལག་ལེན་འཐབ་ཨིན་པས།
ཇ་སྐོལ་བའི་སྐབས་རྐྱངམ་གཅིག་ ལག་ལེན་འཐབ་ནི་མེད་མི་དེ་ ཟོས་ཏོས་དེ་ ས་ཁ་མཐོ་སར་སྡོད་མི་ མི་སྡེའི་དོན་ལུ་ དམིགས་བསལ་དང་ རིན་ཐང་ཅན་གྱི་ ཟས་རྡིག་ཤོས་ཅིག་སྦེ་ ཆ་བཞགཔ་ཨིན་པས།
ཡོ་ཤ་དེ་ དྲིམ་སྡུག་ཁིག་ཁི་འབད་མི་ དར་ཚིལ་རུལ་བཅུག་སྟེ་བཟོ་བའི་ རྫས་སྦྱོར་ཅིག་ཨིན་རུང་ གནམ་གཤིས་གནས་སྟངས་བསིལ་དྲགས་ནང་ སྡོད་མི་ཚུ་གིས་ རྒྱ་ཆེ་དྲགས་སྦེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
བཟོས་འཐུད་ཟེར་ཡང་སླབ་མི་ ཟོས་ཏོས་བཟོ་ནིའི་དོན་ལུ་ དང་པ་ར་ རིག་རྩལ་དང་ ལག་སྦྱང་ཡོད་མི་ དགོ་པའི་ཁར་ ཟོས་ཏོས་ཁུག་བཅུག་སྟེ་ ཚོད་མའི་ནང་ བླུག་ནི་དང་ ཨེ་རྫས་ཀྱི་ རྫས་སྦྱོར་སྦེ་ ལག་ལེན་འཐབ་ནི་ གྲ་སྒྲིག་འགྱོ་ཚུགས་ཚུགས་ལུ་ ལོ་ལས་ལོ་སྦེ་ ཉམས་སྲུང་ཐོག་ བཞག་དགོ་དོ་ཡོདཔ་ད་ དྲི་ངན་ཅིག་ཨིན་མི་ ཟོས་ཏོས་དེ་ གཡག་གི་དར་ཚིལ་ལས་ བཟོཝ་ཨིན་པས།
མེ་རག་གཡུས་ཚན་ནང་ རིན་ཆེན་བཀྲིས་དེ་ ཟོས་ཏོས་བཟོ་སྟེ་ འདུ་འཛི་ཅན་སྦེ་སྡོད་སར་ མཐོང་མི་དེ་ཡང་ ཁོ་གིས་ ལགཔ་གིས་བཙེམས་མི་ ཀོཝ་གི་རྩམ་ཁུག་ཕྱེད་ཀ་ ཟོས་ཏོས་འདེགས་ཡོད་མི་དེ་ འཐུ་འབག་ཐོག་ལས་ ཐབ་ཀྱི་ཉེ་འདབས་ལུ་ ཆུ་ཚ་ཏོམ་ནང་ དུས་ཡུན་རིངམ་སྦེ་ སྦང་བཞག་པའི་ཤུལ་ལུ་ འགྲོས་ཀྱིས་སྦེ་ རྩམ་ཁུག་ཕྱེད་ཀ་མ་གང་པར་ཡོད་མིའི་ནང་ ཆུ་རྩ་ལས་མེད་མི་ དར་ཚིལ་ཚུ་ འདེགསཔ་ཨིན་པས།
ཀོཝ་གི་རྩམ་ཁུག་ ཆུ་ཚ་ཏོམ་ནང་ སྦང་དགོ་མི་དེ་ཡང་ དར་ཚུལ་འདེགས་པའི་ཤུལ་ལས་ རྩམ་ཁུག་གི་ ཁ་བཙེམ་ད་ འཇམ་ནི་དེ་གིས་ཨིན་རུང་ ཁ་བཙེམ་པའི་སྐབས་ དུས་ཡུན་ཆུ་ཚོད་༢ དེ་ཅིག་ འགོར་དོ་ཡོདཔ་ཨིན་པས།
རིན་ཆེན་བཀྲིས་ཀྱིས་འབད་བ་ཅིན་ དར་ཚིལ་གྱི་ཆུ་ བཙིར་མ་བཏང་པ་ཅིན་ ཤུལ་ལས་ ཟོས་ཏོས་ནང་ སྐྱོ་མ་ཐལ་ཏེ་ འབུབ་བཏག་ནིའི་ ཉེན་ཁ་ཡོད་ཟེར་ཨིནམ་ད་ ཟོས་ཏོས་བཟོ་ནི་དེ་ ལཱ་འཇམ་ཏོང་ཏོ་ཅིག་མེན་མི་དེ་ཡང་ ཀོཝ་གི་རྩམ་ཁུག་གང་ནིའི་དོན་ལུ་ དུས་ཡུན་ཆུ་ཚོད་གཉིས་དེ་ཅིག་ འགོརཝ་མ་ཚད་ དར་ཚིལ་ནང་ན་འདེགས་པའི་སྐབས་ཐོན་མི་ རིན་ཆེན་བཀྲིས་ཀྱི་ ལག་པའི་དྲེག་པ་གནག་ཏང་ཏ་ཚུ་ རྩམ་ཁུག་ནང་འཛུལཝ་ཨིན་པས།
རིན་ཆེན་བཀྲིས་ཀྱིས་ ཁོ་གི་ལག་པའི་དྲེག་པ་ ཟོས་ཏོས་ཀྱི་ རྩམ་ཁུག་ནང་ འཛུལ་མི་དེ་ གསང་བ་ཨིནམ་མ་ཚད་ ཟོས་ཏོས་ཀྱི་བཅུད་བཟོ་མི་ རྫས་སྦྱོར་ངོ་མ་ཅིག་ ལགཔ་ལས་འཛགས་མི་ དྲེག་པ་དེ་ཨིན་ཟེར་ དགའ་འཛུམ་དང་བཅསཔ་སྦེ་ བཤད་པའི་ཁར་ ཟོས་ཏོས་དེ་ ས་ཁ་མཐོ་སར་ སྡོད་མི་ཚུ་གི་དོན་ལུ་ ཤ་བ་ལྷགཔ་སྦེ་ རིན་ཐང་ཆེ་ཟེར་ སླབ་ཨིན་པས།
དེ་མ་ཚད་ མི་སྡེའི་དོན་ལུ་ ཟོས་ཏོས་དེ་ འོང་འབབ་ཀྱི་ཐོན་ཁུངས་ གཙོ་ཅན་ཅིག་ཡང་ཨིན་ཟེར་ ཁོ་གིས་ བཤདཔ་ཨིན་པས།
མེ་རག་ལུ་ སྡོད་མི་ཚུ་གིས་ ཟོས་ཏོས་དེ་ སྤྱི་ཟླ་༣ པ་དང་༡༠ པའི་བར་ན་ བཟོ་དོ་ཡོདཔ་ད་ ཁ་བཙེམས་ཡོད་མི་ ཀོཝ་གི་རྩམ་ཁུག་དེ་ དུས་ཡུན་ཟླ་ངོ་༡ དེ་ཅིག་ ཐབ་སྐྱོར་ནང་བཞག་སྟེ་ དུས་རྒྱུན་དུ་ ལྟ་རྟོག་ཐོག་ལུ་ བཞག་དགོཔ་ཨིན་པས།
ཀོཝ་སྲ་ཀྲག་ཐལཝ་ཅིག་ ཐབ་སྐྱོར་ལས་ ཕྱི་ཁར་ལོ་༡ གི་ རིང་བཞགཔ་ད་ ནང་ན་ཡོད་མི་ དར་ཚིལ་དེ་ བཀྱག་སེར་ནག་ལུ་ འགྱུརཝ་ད་རྐྱངམ་ཅིག་ ཟོས་ཏོས་ཀྱི་བྲོ་དེ་ཡང་ ལེགས་ཤོམ་འགྱོ་འོང་ཟེར་ རིན་ཆེན་བཀྲིས་ཀྱིས་ བཤད་པའི་ཁར་ མི་ཚུ་གིས་ ལོ་ངོ་༣ ལྷགཔ་རེ་འགྱོ་མི་ ཟོས་ཏོས་ཚུ་ གདམ་ཁ་རྐྱབ་མས་ཟེར་ བཤདཔ་ཨིན་པས།
ད་ལྟོ་ གནམ་གཤིས་ཚ་དྲོད་དང་ལྡནམ་སྦེ་ ཡོད་མི་ལུ་བརྟེན་ ཟོས་ཏོས་ཚུ་ ལོ་༡ ནང་ར་ བཟོ་ཚུགས་ཟེར་ ཁོ་གིས་ བཤད་པའི་ཁར་ ད་རེས་བཟུམ་མའི་ དུས་ཚོད་ནང་ དུས་ཡུན་ལོ་ངོ་༡ ལས་ལྷགཔ་སྦེ་ བཞག་པ་ཅིན་ ནང་ན་ཡོད་མི་ དར་ཚིལ་ཚུ་ ཕྱེ་ལུ་གྱུར་ཏེ་ འབུབ་བཏགས་འོང་ཟེར་ བཤདཔ་ཨིན་པས།
ཟོས་ཏོས་ཉོ་མི་ མང་ཤོས་ར་ མེ་རག་གི་ཕྱི་ཁ་ལས་ ཐོན་དོ་ཡོདཔ་ད་ ལ་ནོར་གཡག་འཚོ་མི་ མང་ཤོས་ཀྱིས་ ཟླཝ་༥ དེ་རེ་ལང་མི་ ཟོས་ཏོས་ཚུ་ བཙོངམ་མས་ཟེར་ཨིན་པས།
ཁྲོམ་ཁར་བཙོང་ནི་ཡོད་མི་ ཟོས་ཏོས་ཚུ་ མང་ཤོས་ར་ ཟླཝ་༤ དེ་རེ་ ལང་མི་དང་ གོང་ཚད་ཡང་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༤༠༠ དེ་རེ་སྦེ་ བཙོང་དོ་ཡོད་རུང་ ལེགས་ཤོམ་སྦེ་ བཟོ་མི་ཚུ་ དངུལ་ཀྲམ་༦༠༠ དེ་རེ་ ཐོབ་དོ་ཡོདཔ་ཨིན་པས།
དེ་ལས་ ལོ་༡ ལས་ལྷག་མི་ ཟོས་ཏོས་ཚུ་ ཁོང་ར་བཟའ་སྤྱོད་འབད་ནི་དང་ དམིགས་བསལ་གྱི་ དུས་སྟོན་བརྩི་སྲུང་སྐབས་ ལག་ལེན་འཐབ་ནིའི་དོན་ལུ་ བཞག་ནི་ཡོད་ཟེར་ རིན་ཆེན་བཀྲིས་ཀྱིས་ བཤདཔ་ཨིན་པས།
གོང་འཕེལ་གྱི་ འགྱུར་བ་དང་འཁྲིལ་ ས་ཁ་མཐོ་སར་ སྡོད་མི་ཚུ་གི་ འཚོ་བའི་གནས་སྟངས་ཡང་ ལེགས་བསྒྱུར་སོང་སྟེ་ཡོད་རུང་ ཟོས་ཏོས་བཟོ་ནི་དེ་ སྔར་ག་ཨིནམ་སྦེ་ར་ ཡོདཔ་ཨིན་པའི་གནས་ཚུལ།
སྐད་སྒྱུར་ བཀྲིས་བསྟན་འཛིན།