དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན། 

དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ ག་ཅི་ཨིན་ན་ཟེར་བ་ཅིན་ ཚིགས་སུ་བཅད་པའི་མདོ་ལས། “བསྐལ་མང་བསགས་པའི་རྒྱུ་རྐྱེན་གྱིས། །ད་རིས་མ་ཡིས་མངལ་དུ་ཞུགས། །ཟླ་བ་བརྒལ་ནས་འདོད་ལྔ་སྐྱེས། །བདུན་བདུན་སོང་ཏེ་དབང་དྲུག་ཕྱེས། །ལུས་ལྗི་རི་བོས་ནོན་དང་འདྲ། །སྒུལ་སྐྱོད་བསྐལ་པའི་རླུང་ལས་འཇིགས། །” ཟེར་གསུངས་དོ་བཟུམ་ ཨའི་གི་མངལ་ལུ་ འཁོར་ཞིནམ་ལས་ཚུ་ ཨའི་གི་གཟུགས་འདི་ རིའི་རྒྱལ་པོ་རི་རབ་བཟུམ་ ལྗི་ཆེན་ལུ་གྱུར་ཏེ་ ཕར་ཚུར་སྤར་མ་ཚུགས། སེམས་སྐྱོ་ནི་དང་ ན་ནི་ཚ་ནི་ལ་སོགས་པའི་ སྡུག་བསྔལ་ལེ་ཤ་མྱོང་སྟེ་ ང་བཅས་ར་ སྐྱེས་སྐྱེསཝ་ཨིནམ་ལས་ དྲིན་ལན་འཇལ་དགོ། 

དེ་ཡང་ འཕགས་པ་བརྒྱད་སྟོང་པ་ལས། “མ་འདིས་བདག་ཅག་སྐྱེ་པ། འདིས་དཀའ་བ་བྱེད་པ། བདག་ཅག་གི་སྲོག་བྱིན་པ། འཇིག་རྟེན་ཀུན་སྟོན་པ་ཡིན་ནོ། །ཟེར་གསུངས་དོ་བཟུམ་ ཨའི་རྐྱངམ་གཅིག་ལུ་ མནོ་བསམ་བཏང་རུང་ དང་པ་སྐྱེས་བའི་དྲིན། གཉིས་པ་དཀའ་བ་སྤྱད་པའི་དྲིན། གསུམ་པ་སྲོག་བྱིན་པའི་དྲིན། བཞི་པ་འཇིག་རྟེན་སྟོན་པའི་དྲིན་ཡོདཔ་ཨིན། 

དེ་འབདཝ་ལས་ མཁན་པོ་འགྱུར་མེད་བློ་གྲོས་རྒྱ་མཚོ་གིས་ དྲིན་ལན་འཇལ་དགོ་པའི་ ཁུངས་གཙོ་བོ་ར་ བཀའ་དྲིན་བསམ་ནི་གི་དོན་ལུ་ཨིན་ཟེར་ བཤད་ཡོདཔ་ད་ དཔེ་འབད་བ་ཅིན་ འཇིག་རྟེན་འདི་ནང་ བཀའ་དྲིན་སྦོམ་ཤོས་ར་ སྲོག་གི་ཉེན་ཁ་ལས་ སྐྱབས་འབད་མི་འདི་ཨིན། འདི་བཟུམ་སྦེ་ར་ འཇིག་རྟེན་ནང་གི་ ཕམ་ཚུ་གིས་ ད་ལྟོའི་མི་ལུས་ ཕུན་སུམ་ཚོགསཔ་སྦེ་ བྱིན་ཏེ་ཡོདཔ་མ་ཚད་ མི་གྲལ་ལུ་ བཙུགས་གནང་ཡོདཔ་ལས་ ང་བཅས་འཇིག་རྟེན་ནང་ སྐྱེས་ཚར་ཞིནམ་ལས་ ཕམ་གིས་བདག་འཛིན་མ་འབད་བ་ཅིན་ ད་ལྟོའི་གནས་སྟངས་ནང་ ལྷོད་མི་ཚུགས་ནི་ཨིནམ་ལས་ འདི་བཟུམ་གྱི་ གནས་སྟངས་ནང་ སྡོད་ནི་གི་ གོ་སྐབས་ཐོབ་མི་འདི་ ཕ་མའི་བཀའ་དྲིན་ལུ་བརྟེན་ཏེ་ཨིན་ཟེར་ཨིན་པས།

དཔྱེ་གཏམ་ལས་ཡང་ རང་གཟུགས་ཕ་མ་ མ་འགྱུར་བར། ཕ་མའི་དྲིན་ལན་མི་ཚོར་ཟེར་ སླབ་དོ་བཟུམ་ ཕམ་གིས་ བུ་གཞི་གི་དོན་ལས་ དཀཝ་ག་དེ་ཅིག་སྤྱད་ནུག་ག་ རང་གཟུགས་ཕམ་ལུ་འགྱུརཝ་ད་མ་གཏོགས་མི་ཤེས། ཕམ་ལུ་དྲིན་ལན་མ་འཇལ་བ་ཅིན་ རང་ལུ་ལས་ཡོགས་འཁོར་ནི་ ངེས་ཏིག་ཨིནམ་ལས་ ཕམ་གི་དྲིན་ལན་འདི་ ངེས་པར་དུ་འཇལ་དགོ། 

དེ་འབདཝ་ལས་ བློ་བཟང་བཤད་སྒྲུབ་རྒྱ་མཚོ་གིས། “འདིར་ཚོགས་རྒན་གཞོན་སེར་སྐྱ་ཕོ་མོ་རྣམས། །དུས་རྒྱུན་ཕ་མའི་དགེ་རྩ་སྒྲུབ་ལ་རེམ། །འདི་འདྲའི་ལ་ཡོག་རང་ལ་ཡོང་ངེས་ཡིན། །” ཟེར་གསུངས་ནུག། གཞན་ཡང་ ཐབས་མཁས་པ་ཆེན་པོ་དྲིན་ལན་གསབ་པའི་མདོ་ལས། སངས་རྒྱས་ཤཱཀྱ་ཐུབ་པ་མཆོག་གིས་ འཁོར་ཚུ་ལུ་ ཐབས་མཁས་པ་ཆེན་པོ་དྲིན་ལན་གསབ་པའི་མདོ་སྡེ་ཟེར་མི་འདི་ གསུངས་དགོ་པའི་ རྒྱུ་མཚན་དེ་ཡང་ བྱང་ཆུབ་སེམས་དཔའ་ཚུ་ སངས་རྒྱས་ཀྱི་གོ་འཕང་འཐོབ་ནི་དང་ སོ་སོ་སྐྱེས་བོ་ཚུ་གིས་ ཕམ་ལུ་དྲིན་ལན་འཇལ་དགོཔ་དང་ དྲིན་ཟེར་མི་འདི་ ལྕི་བ་ཨིནམ་ཤེས་ཚུགས་ནི་དོན་ལུ་ཨིན་པས།  མགོན་པོ་ཀླུ་སྒྲུབ་ཀྱིས་ཡང་ “གང་དག་ཕ་དང་མ་ལ་མཆོད་པ་ཡི། ། རིགས་དེ་ཚངས་བཅས་སློབ་དཔོན་བཅས་པའང་ལགས། །དེ་དག་ལ་མཆོད་གྲགས་པར་འགྱུར་བ་དང་། །སླད་མ་ལ་ཡང་མཐོ་རིས་འགྱུར་བ་ལགས། །” ཟེར་གསུངས་ནུག།

འདི་བཟུམ་སྦེ་ བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་གིས། བདེ་སྡུག་གི་རྒྱུ་འབྲས་མི་བསླུ་བ་ཨིནམ་ལས་ དཀོན་མཆོག་གསུམ་ལུ་དད་གུས་བསྐྱེད། དམ་པའི་ཆོས་སྒྲུབ་ནི་རྐྱངམ་གཅིག་གིས་མ་ཚད་པར་ དྲིན་ཆེ་བའི་ཕམ་ལུ་ དྲིན་འཇལ་དགོ་ཟེར་གསུངས་ནུག། དེ་འབདཝ་ལས་ ཕམ་ལུ་ཞབས་ཏོག་ཞུ་ཐོག་ལས་ དྲིན་འཇལ་མི་དེ་ཡང་ ཡ་རབས་ཀྱི་ བྱ་སྤྱོད་ཅིག་ཨིནམ་བཞིན་དུ་ བྱ་སྤྱོད་འདི་ལུ་བརྟེན་ ཚེ་འདི་དང་ཕྱི་མ་གཉིས་ཆ་རའི་ བདེ་བ་ཐོབ་ཚུགས་མ་ཚད་ ཐར་པའི་ལམ་ཐོབ་ཚུགས་པའི་ དགོས་པ་ཡང་ཡོདཔ་ཨིན། 

ད་རུང་ འཇུ་མི་ཕམ་མཆོག་གིས། “ཡ་རབས་ལམ་ནས་འདི་ཕྱི་བདེ། །མ་རབས་ལམ་ནས་འདི་ཕྱིར་ཕུང་། །ཡ་རབས་ཆུང་ངུ་འཇིག་རྟེན་ལུགས། །ཡ་རབས་ཆེན་པོ་འཕགས་པའི་ལམ། །མི་ཆོས་ཆོས་ཀྱི་རྩ་བ་ཡིན། །”ཟེར་གསུངས་ནུག། ཡང་རྫ་དཔལ་སྤྲུལ་མཆོག་གིས་ གོང་མ་བཀུར་ལུགས། འོག་མ་སྐྱོང་ལུགས། མཉམ་པོར་གྲོགས་ལུགས། འདི་ཚུ་ རང་གིས་ཚུལ་དང་མཐུན་སྦེ་ ཉམས་སུ་ལེན་པ་ཅིན་ ཚེ་འདི་ལུ་ བདེ་སྐྱིད་འཐོབ་ནི་དང་ ཕྱི་མ་ཐར་པའི་ལམ་ཡང་ འཐོབ་ཚུགས་ཟེར་གསུངས་ནུག། 

མདོར་བསྡུ་བ་ཅིན་ ཕམ་འདི་ ཚེ་ད་རིས་ཀྱི་ལུས་དང་ སྲོག་བྱིན་མི་གིས་མ་དོ་བར་ ཁ་སླབ་ཐངས་དང་ ལྟོ་བཟའ་ཐངས་ལས་ འགོ་བཟུང་སྟེ་ སྟོན་བྱིནམ་ལས་ འཇིག་རྟེན་འདི་ནང་ སློབ་དཔོན་ཐོག་མ་ཡང་ ཕམ་གཉིས་ལས་གཞན་མེད། དེ་འབདཝ་ལས་ ཕམ་གཉིས་ལས་ལྷག་པའི་ བཀའ་དྲིན་ཆེ་ཤོས་མེདཔ་ཨིན། གལ་སྲིད་ ཕམ་གཉིས་ལུ་ དྲིན་ལན་མ་འཇལ་བར་ ངོ་ལོག་རྐྱབ་ རྡུང་རྫོབ་འབད་ དཀའ་སྡུག་ནང་ ཚུད་སོང་རུང་ མིག་གིས་རང་ མ་ལྟ་བར་སྡོད་དེ་ སེམས་ཕམ་བཅུག་པ་ཅིན་ འདི་གི་རྣམ་སྨིན་རང་ལུ་ འཁོར་ནི་ཨིནམ་མ་ཚད་ ཕམ་ལས་སྨོན་ལམ་བཟང་པོ་མི་འཐོབ་ནི་ཨིནམ་ལས་ ཕམ་ལུ་ངོ་ལོག་རྐྱབ་ནི་འདི་ ཆོས་དང་འཇིག་རྟེན་གཉིས་ཆ་ར་ལས་ མ་བཏུབ་ཨིནམ་ཤེས་དགོ།

ཕམ་ལས་སྨོན་ལམ་བཟང་པོ་མ་ཐོབ་རུང་ ང་ལུ་གནོད་མི་ཚུགས་ཟེར་བ་ཅིན་ དཔྱེ་གཏམ་ལུ་ཡང་ ཕ་མ་བཟང་པོའི་སྨོན་ལམ་ལུ། །འགྱུར་མེད་ཚིག་གི་བདེན་ཚིགས་ཡོད། །ཟེར་བཤད་དོ་བཟུམ་ རང་གི་བྱ་བ་ལམ་འགྲོ་ལ་སོགས་པ་ཚུ་ལུ་ གནོད་ནི་ཨིནམ་མ་ཚད་ མི་ག་ར་གིས་ མི་ངན་སྦེ་བརྩིསཝ་ཨིན། 

ཕམ་ལུ་ཞབས་ཏོག་ཞུ་སྟེ་ སྨོན་ལམ་བཟང་པོ་འཐོབ་པ་ཅིན་ རང་གི་ཚེ་ད་རིས་ བྱ་བ་ལམ་འགྲོ་འོང་ནི་དང་ མི་འདི་ཚུ་གིས་ཡང་ ཕ་བཟང་གི་བུ། གྱི་བཟང་གི་ཤུབས་ཟེར་ བསྟོད་ས་དང་ མིག་དཔེ་བལྟ་སའི་ ཡུལ་ལུ་འགྱུར་ནི་ཨིནམ་མ་ཚད་ ཆོས་དང་འཇིག་རྟེན་གཉིས་ཆ་ར་ལས་ ཡ་རབས་བཟང་སྤྱོད་ཀྱི་ཁོངས་སུ་ཚུདཔ་ཨིན། དཔེར་ན་ བླམ་ཚུ་ལས་ ཐུགས་སྨོན་ཞུ་དགོ་པའི་ རྒྱུ་མཚན་ཡང་ མཐུ་དང་ནུས་པ་ཡོད་མི་ལུ་བརྟེན་མེན་པར་ བླམ་འདི་འཇིག་རྟེན་ནང་ བཀའ་དྲིན་ཆེ་ཤོས་ འགྱུར་མེད་ཚིག་གི་བདེན་ཚིགས་ཡོདཔ་ཨིན། 

འདི་ལུ་ ང་བཅས་ཀྱིས་ ཕྱག་དང་ཞབས་ཏོག་ཞུ་སྟེ་ སྨོན་ལམ་བཟང་པོ་ཐོབ་པ་ཅིན་ ཚེ་འདི་ཕྱི་གཉིས་ཆ་ར་ལུ་ ལེགས་ཤོམ་འོང་ཟེར་ ཡིད་ཆེས་བསྐྱེད་དོ་བཟུམ་ ཕམ་ལུ་ཞབས་ཏོག་ཞུ་ཐོག་ལས་ སྨོན་ལམ་བཟང་པོ་འཐོབ་པ་ཅིན་ འདི་ཕྱི་གཉིས་ལུ་ཕན་པའི་ དགོས་པ་ཡོདཔ་ལས་ ཕམ་གི་དྲན་ལན་འཇལ་དགོཔ་འདི་ཁག་ཆེ། དེ་ཡང་ ཚིགས་སུ་བཅད་པའི་མདོ། “རྟག་ཏུ་རྒན་རབས་ལ་གུས་ཤིང་། །ཞེས་ས་སྨྲ་བའི་ཚུལ་ཅན་ལ། །ཚེ་དང་མདངས་དང་བདེ་བ་སྟོབས། །ཆོས་བཞི་དག་ནི་འཕེལ་བར་འགྱུར། །” ཟེར་གསུངས་ནུག།

གཉིས་པ་དྲིན་ཅན་གྱི་ཕམ་ལུ་ དྲིན་ལན་འཇལ་ནི་གི་ཐབས་ལམ།    

གོང་ལུ་བཤད་དོ་བཟུམ་ ཕམ་ལུ་བཀའ་དྲིན་བསམ་སྟེ་ དྲིན་ལན་འཇལ་དགོཔ་ཨིན་རུང་ དྲིན་ལན་འཇལ་ནི་གི་ ཐབས་ལམ་ག་ཅི་ར་ཡོདཔ་ཨིན་ན་ཟེར་བ་ཅིན། ཐིམ་ཕུག་ཀུན་གསལ་ཕོ་བྲང་སློབ་གྲྭ་ཆུང་བའི་སློབ་དཔོན་ བསྟན་འཛིན་ནོར་བུ་གིས་ དྲང་དོན་ལས་ ལག་པའི་མཐིལ་བཞག་རི་རབ་བསྐོར་ཡང་ཕ་མའི་དྲིན་མི་འཁོར། །སྤྱི་གཙུག་བཞག་ནས་སུམ་ཅུ་རྩ་གསུམ་གནས་སུ་བསྐྱལ་ཡང་ཕ་མའི་དྲིན་མི་འཁོར། །འཛམ་གླིང་ཞིམ་དགུའི་ཟས་བཙལ་གསོས་ཀྱང་ཕ་མའི་དྲིན་མི་འཁོར། །ཟེར་བཀོད་ནུག། དེ་འབད་ལས་ དྲིན་ལན་འཇལ་ནི་གི་ ཐབས་ལམ་ལེ་ཤ་ཡོད་རུང་ ཐབས་ལམ་དྲག་ཤོས་འདི་ དམ་པའི་ཆོས་ཀྱི་ཐོག་ལས་ དྲིན་ལན་འཇལ་ནི་དེ་ ཐབས་ལམ་དྲག་ཤོག་ཅིག་ཨིན་པས།

དེ་མ་ཚད་ བྱམས་མ་ཆེན་མོ་རྩ་བའི་འབུམ་ལས། “སེམས་ཅན་ལ་དམིགས་སྙིང་རྗེ་ནི། །དམྱལ་བ་ཡི་དྭགས་བྱོལ་སོང་སོགས། །སྡུག་བསྔལ་མྱོང་བ་ཐམས་ཅད་ཀུན། །རང་གི་དྲིན་ཆེན་མ་གྱུར་མེད། །འདི་དག་ལ་དམིགས་སྙེང་རེ་རྗེ། །དེ་དོན་བྱང་ཆུབ་ཆེན་པོ་བྱ། །” ཟེར་གསུངས་དོ་བཟུམ་ ཕམ་ཚུ་གི་དོན་ལུ་ བྱང་སེམས་བསྐྱེད་དེ་ཆོས་འབད་ནི་ ཡང་ཅིན་ བུ་གཞི་ཚུ་གིས་ ཕམ་གཉིས་ལུ་ དགེ་སྡིག་བླང་དོར་གྱི་སྐོར་ལས་སྟོན་ནི་ ཡང་ཅིན་ བླམ་ཚུ་གི་སྐུ་མདུན་ལུ་འཁྱིད་དེ་ དམ་པའི་ཆོས་ཚུལ་བཞིན་དུ་ ཉམས་སུ་ལེན་བཅུག་པ་ཅིན་ ཕམ་གཉིས་ཀྱི་དྲིན་ལན་འཇལ་ཚུགས་ཟེར་ཨིན་པས། 

མཁན་པོ་འགྱུར་མེད་བློ་གྲོས་རྒྱ་མཚོ་གིས་ཡང་ ཕམ་གཉིས་ཀྱི་ བློ་སེམས་ཆོས་ལུ་གྱུར་ཏེ་ ཆོས་ཉམས་སུ་ལེན་བཅུག་པ་ཅིན་ དྲིན་ལན་འཇལ་ནི་གི་ ཐབས་ལམ་ནང་ལས་དྲག་ཤོས་ཅིག་ཨིན་ཟེར་གསུངས་ནུག། ཨིན་རུང་ གལ་སྲིད་ འདི་བཟུམ་འབད་མ་ཚུགས་པ་ཅིན་ ཕམ་གཉིས་ལུ་ ཁ་ལས་ཚིག་རྩུབ་སླབ་ནི་མེན་པར་ ཚིག་འཇམ་གྱི་ཐོག་ལས་སླབ་སྟེ་ ཕམ་གཉིས་སེམས་སྐྱོ་ བུ་གཞི་ལུ་བལྟ་སྟེ་ བློ་འགྱོད་བསྐྱེད་མ་བཅུག་པར་ བྱིན་ནི་མེད་རུང་ སེམས་དགའ་བཅུག་སྟེ་ དགའ་ཏོག་ཏོ་དང་ སྐྱིད་ཏོང་ཏོ་སྦེ་ བཞག་ཚུགས་རུང་བཏུབ་ཟེར་ཨིན་པས། 

འདི་བཟུམ་སྦེ་ར་ ཧཱ་འཇམ་དཔལ་གླིང་སློབ་གྲྭའི་ སློབ་དཔོན་འཇམ་དཔལ་རྒྱལ་མཚན་གྱིས་ བུ་གཞི་ཚུ་རང་མགོ་རང་གིས་འདྲོངས་ཏེ་ སྡོད་ཚུགས་པའི་དུས་ལུ་ལྷོདཔ་ད་ ཕམ་ལ་ལོ་ ཚེ་ལས་འདས་པའི་དུས་ཤརཝ་ལས་ རྒྱུ་ནོར་ལོངས་སྤྱོད་ཀྱི་ཐོག་ལས་ ཞབས་ཏོག་ཞུ་ནི་གི་ཐབས་ལམ་མེད། ཨིན་རུང་ རང་གིས་ ཕམ་གི་དོན་ལས་ དམ་པའི་ཆོས་སྣ་ཅིག་ཨིན་རུང་ བསྒྲུབ་པ་ཅིན་ དྲིན་ལན་འཇལ་ཚུགས་ནི་གི་ཐབས་ལམ་འདུག་ཟེར་ བཀོད་ནུག།

གོང་ལུ་བཤད་མི་ལུ་ བལྟ་བ་ཅིན་ ཕམ་ཚུ་ལུ་ བཀའ་དྲིན་བསམ་སྟེ་ ཕམ་ལོ་ན་རྒས་རུང་མ་རྒས་རུང་ ངོ་ལོག་ནི་མེན་པར་ ལུས་ངག་ཡིད་གསུམ་གྱི་སྒོ་ལས་ ཕྱག་དང་ཞབས་ཏོག་ཞུ་དགོཔ་མ་ཚད་ ཞུ་ནི་ཐབས་ལམ་ཡང་ ལེ་ཤ་ཡོད་ས་ལས་ མཆོག་ཏུ་གྱུར་པ་འདི་ ཆོས་ཨིནམ་ལས་ ཆོས་ཀྱི་ཐོག་ལས་ དྲིན་ལན་འཇལ་ཚུགས་པ་ཅིན་ ལེགས་ཤོམ་ཨིན་ཟེར་ཨིན་པས།

རྒྱུ་མཚན་འདི་ཡང་ ལྷ་བབས་དུས་ཆེན་ཟེར་བའི་ འབྲི་རྩོམ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ སངས་རྒྱས་བཅོམ་ལྡན་འདས་དགུང་ལོ་༤༡ བཞེསཔ་ད་ ཡུམ་སྒྱུ་མ་ལྷ་མཛེས་ འདོད་ཁམས་ཀྱི་ལྷའི་ལུས་ལེན་ཡོདཔ་མཁྱེན་ཏེ་ ཡུམ་གྱི་དྲིན་ལན་འཇལ་ནི་གི་དོན་ལས་ དགའ་ལྡན་ལྷ་ཡུལ་ལུ་བྱོན་ཞིནམ་ལས་ ཡུམ་སྒྱུ་མ་ལྷ་མཛེས་ཀྱིས་གཙོས་པའི་ ལྷ་གྱངས་ཁ་མ་ཆོདཔ་ཅིག་ལུ་ ཆོས་གནང་སྟེ་ བདུན་ཕྲག་གཅིག་བཞུགས་ནུག་ཟེར་ཨིན་པས། དེ་སྦེ་ ཆོས་གནང་སྟེ་ བཞུགས་དགོ་མི་འདི་ཡང་ ཆོས་གསུངས་ཏེ་ ཡུམ་གྱི་དྲིན་ལན་འཇལ་ནི་གི་དོན་ལུ་ཨིནམ་ལས་ ང་བཅས་ཀྱིས་ཡང་ ཕམ་གི་དྲིན་ལན་འཇལ་ནིའི་དོན་ལུ་ རང་གི་བློ་སེམས་ཆོས་ལུ་འགྱུར་ཏེ་ ཆོས་འབད་ནི་ ཡང་ཅིན་ ཕམ་གཉིས་ ཆོས་འབད་བཅུག་ནི་ཚུ་ཨིན་པས།

འདི་བཟུམ་སྦེ་ར་ ཕ་མའི་དྲིན་གསོ་དང་འབྲེལ་བའི་ མགུར་དབྱངས་ཐར་འདོད་སྙིང་གི་བདུད་རྩི་ལས། སྐྱེ་བ་ཐོག་མ་མེད་པའི་དུས་ལས་ད་ལྟོ་ཚུན་ འཁོར་བ་འཁྱམས་ཏེ་ སྡོད་པའི་སྐབས་ འགྲོ་བ་རིགས་དྲུག་གི་སེམས་ཅན་ག་ཨིན་རུང་ རང་གི་ཕམ་ལུ་མ་འགྱུར་མི་ གཅིག་ཡང་མེད། ཕམ་འདི་ཚུ་ག་ར་བཀའ་དྲིན་ཅན་ ཤ་སྟག་ཨིནམ་ལས་ འདི་ཚུ་གི་དྲིན་ལན་འདི་ དམ་པའི་ཆོས་ཀྱི་ འཇལ་བར་ཤོག་ཟེར་ གསུངས་དགོ་མི་དེ་ཡང་ དྲིན་ལན་འཇལ་ནི་གི་ ཐབས་ལམ་དྲག་ཤོས་འདི་ དམ་ཆོས་མ་གཏོགས་ གཞན་མེད་མི་ལུ་བརྟེན་ཏེ་ཨིན་པས། 

གོང་ལུ་བཀོད་དོ་བཟུམ་ཨིན་པ་ཅིན་ ཆོས་འདི་ ང་གིས་འབད་མི་ཚུགས། དེ་འབདཝ་ལས་ ཕམ་ལུ་དྲིན་ལན་འཇལ་ནིའི་ ཐབས་ལམ་མིན་འདུག་ཟེར་བ་ཅིན་ དྲིན་ལན་འཇལ་ནི་གི་ ཐབས་ལམ་དྲག་ཤོས་འདི་ ཆོས་ཀྱི་ཐོག་ལས་ཨིན་རུང་ ཐབས་ལམ་གཞན་ལེ་ཤ་ཡོདཔ་ཨིན། 

མདོར་བསྡུ་བ་ཅིན་ ཁ་འཇམ་ ཚིག་སྙན་གྱི་ཐོག་ལས་ ཕམ་གིས་སླབ་མི་ ཁ་ལུ་ཉན་ཏེ་ ཕ་མའི་མནོ་དོན་ཚུ་འགྲུབ་ཚུགསཔ་འབད་ནི། ཕམ་ལུ་ངོ་རྒལ་འབད་ནི་དང་ ཆང་དང་སྨྱོ་རྫས་ལོངས་སྤྱོད་ནི་ཚུ་སྤང་སྟེ་ ཕམ་གི་སེམས་ཁར་ཚུད་པའི་ ལས་སྣ་གཅིག་ཨིན་རུང་ འབད་དེ་བྱིན་པ་ཅིན་ དྲིན་ལན་འཇལཝ་ཨིན། 

དེ་མ་ཚད་ སློབ་ཕྲུག་སྦེ་སྡོད་པའི་ ནམ་དུས་ལུ་འབད་རུ་ གནས་ཚུལ་མ་ཧནམ་ ཕམ་གཉིས་ལུ་ གོ་མ་བཅུག་པར་ བྱ་སྤྱོད་བཟང་པོའི་ཐོག་ལུ་ དཔེ་ཆ་ལེགས་ཤོམ་སྦེ་ལྷབ་སྟེ་ ཆོས་རྒྱུགས་ནང་ལས་ ཨང་དང་པ་ གཉིས་པ་ གསུམ་པ་ཐོན་པའི་ གནས་ཚུལ་དང་ ལཱ་གཡོག་ལེགས་ཤོམ་ཐོབ་པའི་གནས་ཚུལ་ ཧནམ་ཚུ་ ཕམ་གཉིས་ཀྱི་རྣ་བ་ལུ་ བསྐྱལ་ཚུགས་ཏེ་འབད་རུང་ ཕམ་གཉིས་རང་ལུ་བལྟ་སྟེ་ ངལ་རངས་ སེམས་དགའཝ་ལས་ འདི་གིས་ཡང་ ཕམ་གི་དྲན་ལན་འཇལཝ་ཨིན། 

རབ་བྱུང་པ་ཅིན་ བླམ་དགེ་བའི་བཤེས་གཉེན་བསྟེན་ཏེ་ དགེ་སྡིག་བླང་དོར་ཧ་གོ་ཞིནམ་ལས་ བློ་སེམས་ཆོས་ལུ་འགྱུར་བཅུག་ནི་དང་ ཡང་ཅིན་ ཕམ་ཚེ་ལས་འདས་སོ་རུང་ འཆི་ཁའི་བར་དོའི་སྐབས་ ཆོས་ཀྱི་ངོ་སྤྲོད་འབད་དེ་ བར་དོའི་འཇིགས་པའི་འཕྲང་ལས་ བསྒྲལ་ཚུགས་པ་ཅིན་ ཕམ་གི་དྲིན་ལན་འཇལ་ཚུགསཔ་བཞིན་དུ་ ཕམ་གི་དྲིན་ལན་འཇལ་དགོ་པ་ཅིན་ ངེས་པར་དུ་ སྒང་ཁྲོད་རི་ཁྲོད་འགྲིམ་ དགེ་སློང་ནང་འཛུལ་ཞིནམ་ལས་ རང་གིས་ཆོས་འབད་དེ་ ཕམ་གི་དྲིན་ལན་འཇལ་དགོཔ་མེདཔ་ལས་ དྲིན་ལན་འཇལ་ནི་གི་ ཐབས་ལམ་ལེ་ཤ་ཡོད་ཟེར་ ཞུ་ནི་ཨིན།

འཕྲིན་ལས་རྒྱལ་མཚན། ལེགས་སྦྱར་བ།

རིག་གཞུང་མཐོ་རིམ་སློབ་གྲྭ། སྟག་རྩེ། ཀྲོང་གསར།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *