དྲནམ་བཏོན་དགོ་པའི་དུས་ཚོད།

༉ ད་རེས་ནངས་པར་ སྲིད་དོན་ཚོགས་པ་ཚུ་གིས་ ན་གཞོན་ཚུ་ལུ་ དམིགས་གཏད་བསྐྱེདཔ་རྐྱངམ་གཅིག་གིས་མ་དོ་བར་ རྒྱལ་ཁབ་ནང་ ལཱ་གཡོག་མ་ཐོབ་མི་ ན་གཞོན་མང་རབས་ཅིག་ཡོད་མི་ལུ་བརྟེན་ མགུ་སྐོར་རྐྱབ་མི་ཡང་ ལེ་ཤ་ཐོནམ་ཨིན་མས།

དེ་ཡང་ ཕྱི་རྒྱལ་ལཱ་གཡོག་ལས་རིམ་ཚུ་ གཡོ་སྒྱུ་ལག་ལེན་ལ་སོགས་པའི་ རྩོད་རྙོགས་ཐོན་ཏེ་ཡོད་པའི་ ནམ་དུས་ལུ་ ལཱ་གཡོག་མ་ཐོབ་པར་ ནང་དོག་སྟེ་སྡོད་མི་ ན་གཞོན་ཚུ་ བརྡ་དོན་ཡོངས་འབྲེལ་ཚུ་ནང་ ལས་སྡེ་རྫུས་མ་ཚུ་གི་ མགུ་སྐོར་འོག་ལུ་ཚུད་མི་ རྩོད་དོན་མང་སུ་ ཐོན་དོ་ཡོདཔ་ལས་ རྒྱལ་ཡོངས་ལུ་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅིག་ཨིན་མས།

དཔེར་ན་ འཕྲལ་ཁམས་ཅིག་ཁར་ འབྲུག་པའི་ན་གཞོན་སྡེ་ཚན་ཅིག་ རྒྱ་གར་ལུ་ ལས་སྡེ་རྫུས་མ་ཅིག་གིས་ བརྡ་དོན་ཡོངས་འབྲེལ་ནང་ ལཱ་གཡོག་བྱིན་ནི་ཟེར་ སླབ་པའི་ཤུལ་ལས་ ཡིད་ཆེས་འདྲོངས་ཏེ་ ས་ཁོངས་ནང་ སོང་པའི་ཤུལ་ལུ་ གཡོ་སྒྱུའི་བྱ་ངན་ནང་ ཚུད་ཡོདཔ་ཨིན་མས།

མ་གཞི་ ན་གཞོན་སྡེ་ཚན་༡ གིས་ རྒྱ་གར་གྱི་ས་གནས་ སི་ལི་གུ་རི་ལུ་ ལྷོད་པའི་སྐབས་ མགུ་སྐོར་རྐྱབ་ཡོདཔ་ ཤེས་པའི་ཤུལ་ལས་ ལོག་རྒྱལ་ཁབ་ནང་ བྱོག་འོང་ཡོདཔ་ཨིན་རུང་ ཁོང་གིས་ སླབ་དོ་བཟུམ་འབད་བ་ཅིན་ དེ་བཟུམ་མའི་ མགུ་སྐོར་འོག་ལུ་ཚུད་མི་ འབྲུག་གི་ན་གཞོན་༦༠༠ དེ་ཅིག་ཡོད་པའི་ ལོ་རྒྱུས་ཨིན་མས།

ན་གཞོན་མང་ཤོས་ར་ རང་སོའི་ཕམ་དང་ ཉེ་ཚན་ཚུ་ལས་ ཏི་རུ་བསྐྱི་འབག་སྟེ་ ལཱ་གཡོག་བྱིན་ནི་གི་ ཁས་བླངས་འབད་མི་ ལས་སྡེ་རྫུས་མ་ཚུ་ལུ་ སྦྱོང་བརྡར་གྱི་འཐུས་སྦེ་ མི་རེ་གིས་ དངུལ་ཀྲམ་༡༠༠,༠༠༠ དེ་རེ་ སྤྲོད་ཡོདཔ་ཨིན་མས།

ན་གཞོན་༡༡ རྒྱལ་ཁབ་ནང་ ལོག་བྱོག་འོང་མི་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ སི་ལི་གུ་རིའི་ ལས་སྡེ་ལུ་ ཇོ་བདག་གཏན་འཁེལ་ཅིག་མེད་པའི་ཁར་ རྒྱ་གཞུང་གི་ ཆོག་ཐམ་འཆང་མི་ཅིག་ཡང་ མེནམ་མ་ཚད་ ལས་སྡེའི་གནས་ཚུལ་ འབྲུག་ལུ་ སྤེལ་བ་ཅིན་ བསད་ནི་ཨིན་ཟེར་ འཇིགས་སྐྲག་སྟོན་ནི་དེ་གིས་ ཁོང་ར་འདྲོག་བྱེལ་འཐབ་སྟེ་ སྡོད་དོ་ཟེར་ཨིན་པས།

ལས་སྡེ་དེ་ནང་ རྒྱ་གར་ཀ་ལི་ཕུག་དང་ དར་རྒྱས་གླིང་ དེ་ལས་ ནེ་པཱལ་རྒྱལ་ཁབ་ལས་ མི་ཚུ་ཡོད་རུང་ མང་ཤོས་ཅིག་ འབྲུག་པའི་ན་གཞོན་ སློབ་རིམ་༡༠ པ་དང་༡༢ པ་ བཤོལ་བཞག་མི་ཚུ་ ཡོདཔ་ཨིན་མས།

ང་བཅས་ཀྱི་ ན་གཞོན་ཚུ་ འདི་བཟུམ་མའི་ གཡོ་སྒྱུ་ཚུ་ནང་ ཚུད་མི་ལུ་ བལྟ་བ་ཅིན་ འབྲེལ་ཡོད་དབང་ཚུ་གིས་ དཀའ་ངལ་སེལ་ནི་ལུ་ བརྩོན་ཤུགས་བསྐྱེད་ནི་མེདཔ་བཟུམ་སྦེ་ གསལ་སྟོན་འབདཝ་མས།

ང་བཅས་རའི་ ན་གཞོན་ཚུ་ རྒྱལ་ཁབ་ཀྱི་ མ་འོངས་གནས་སྟངས་ བདག་འཛིན་འཐབ་མི་ཨིན་རུང་ དབང་འཛིན་ཚུ་གིས་ ན་གཞོན་ཚུ་གི་ ལྕོགས་གྲུབ་དང་ རིག་སྟོབས་ཚུ་ གཡོག་བཀོལ་སའི་ ས་གོ་མ་བཟོ་བ་ཅིན་ ལཱ་གཡོག་གི་ གནས་སྟངས་དེ་ སྐྱོ་དྲགས་འགྱོ་ནི་དང་ གཡོ་སྒྱུ་ཚུ་ནང་ ན་གཞོན་མངམ་ ཚུད་ནི་གི་ ཉེན་ཁ་ཡོད།

འདི་འབདཝ་ལས་ ན་གཞོན་ཚུ་གི་དོན་ལུ་ ལཱ་གཡོག་གི་ གོ་སྐབས་གང་མང་བཟོ་ནི་དང་འབྲེལ་ ང་བཅས་ཀྱི་ ན་གཞོན་ཚུ་ ཕྱི་རྒྱལ་གྱི་ གཡོ་སྒྱུ་ཚུ་ནང་ ཚུད་ནི་ལས་ སྔོན་འགོག་འབད་ཐབས་ལུ་ གོ་བརྡ་ཚུ་ མ་བཏུབ་བཏུམ་སྦེ་ སྤྲོད་དགོཔ་མ་ཚད་ ན་འཐན་དྲནམ་བཏོན་དགོ་པའི་ དྲན་བསྐུལ་འབད་དགོཔ་འདུག།

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *