༉ ལོ་ངོ་༩ ལྷགཔ་ཅིག་གི་ཧེ་མ་ འབྲུག་རྒྱལ་ཁབ་ནང་ དམངས་གཙོའི་གཞུང་ འགོ་བཙུགསཔ་དང་འབྲེལ་ གཞུང་སྐྱོང་དང་ ལྡོག་ཕྱོགས་ཚོགས་པ་གཉིས་ཆ་རའི་ སྲིད་དོན་པ་ཚུ་གིས་ ཤིང་མཁར་-སྒོར་གཱན་གྱི་བར་ན་ ཀི་ལོ་མི་ཊར་༥༦ འབད་མི་ ཕྲང་ལམ་སེལ་ནི་སྦེ་ ཁས་བླངས་འབད་ཞིནམ་ལས་ཚུར་ རྩོད་རྙོགས་ཅན་གྱི་ གནད་དོན་ཅིག་ལུ་ གྱུར་ཏེ་ཡོདཔ་ཨིན།
ཤིང་མཁར་-སྒོར་གཱན་གྱི་ ཕྲང་ལམ་དེ་ སེལ་བ་ཅིན་ རྫོང་ཁག་ཚུ་གི་གྲས་ལས་ དབུལ་ཕོངས་ཀྱི་ གནས་ཚད་མཐོ་ཤོས་ཡོད་མི་ ལྷུན་རྩེའི་མི་སེར་ཚུ་ལུ་ རྐྱངམ་གཅིག་མེན་པར་ བུམ་ཐང་དང་ མོང་སྒར་ བཀྲིས་སྒང་གི་བར་ན་ རྒྱུན་འབྲེལ་འཐབ་མི་ཚུ་ལུ་ ཕན་ཁྱད་ཡོད་མི་ལུ་བརྟེན་ འདས་པའི་གཞུང་དང་ ད་ལྟོའི་གཞུང་གིས་ འཆར་གཞི་༡༠ པ་དང་༡༡ པའི་ནང་ གཞུང་ལམ་སེལ་ནི་སྦེ་ ཁས་བླངས་འབད་ནུག།
ཕྲང་ལམ་སེལ་བ་ཅིན་ བུམ་ཐང་དང་ ལྷུན་རྩེ་རྫོང་ཁག་༢ ཀྱི་བར་ན་ ལམ་ཀི་ལོ་མི་ཊར་༡༠༠ དེ་ཅིག་ ཐུང་ཀུ་འགྱོ་ནི་ཨིནམ་ལས་ སྣུམ་འཁོར་ནང་ རྒྱུན་འགྲུལ་འཐབ་མི་ཚུ་གིས་ ཨ་རྟག་དང་ཕྱདཔ་ད་ དུས་ཡུན་ཆུ་ཚོད་༣ གྱི་ཧེ་མ་ ལྷོད་ཚུགས་ཟེར་ཨིནམ་ད་ དེ་བཟུམ་སྦེ་ བུམ་ཐང་དང་ མོང་སྒར་ བཀྲིས་སྒང་ བཀྲིས་གཡང་རྩེ་རྫོང་ཁག་ཚུ་གི་བར་ན་ འགྲོ་འགྲུལ་འབད་མི་ཚུ་ལུ་ཡང་ ཕན་ཁྱད་འདྲ་མཉམ་ འབྱུང་འོང་ཟེར་ སྲིད་དོན་པ་ཚུ་གིས་ ཁུངས་བསྐྱལཝ་ཨིན་པས།
ལམ་དེ་ལུ་བརྟེན་ ལྷུན་རྩེའི་མི་སེར་ཚུ་གི་ འཚོ་བའི་གནས་སྟངས་ ཡར་དྲག་གཏང་ནི་དང་ ཕར་ཚུར་ལམ་འགྲུལ་འབད་མི་ཚུ་གི་ ཟད་འགྲོ་དང་ དུས་ཚོད་གཉིས་ཆ་ར་ལུ་ ཕན་ཁྱད་འབྱུང་ནི་ཨིན་མས།
འདི་འབདཝ་ལས་ སོ་ནམ་དང་ ནགས་ཚལ་ལྷན་ཁག་གིས་ཡང་ ཤིང་མཁར་-སྒོར་གཱན་གྱི་ ཕྲང་ལམ་སེལ་ནིའི་དོན་ལུ་ ནགས་ཚལ་གྱི་ ཉོགས་མེད་ལག་ཁྱེར་བྱིན་ནུག།
འདི་འབདཝ་ད་ ཞབས་ཏོག་ལྷན་ཁག་གིས་ སྤྱི་ལོ་༢༠༡༡ དང་༢༠༡༢ དེ་ཅིག་ཁར་ བཟོ་ཡོད་མི་ མཐའ་འཁོར་གནས་སྟངས་ཀྱི་ ཕན་གནོད་བརྟག་ཞིབ་སྙན་ཞུ་ནང་ ཁ་གསལ་མེདཔ་མ་ཚད་ དུས་མཐུན་མ་བཟོ་བར་ཡོད་ནི་དེ་གིས་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱིས་ རང་བཞིན་གནས་སྟངས་ཀྱི་ ཉོགས་མེད་ལག་ཁྱེར་ མ་བྱིན་མི་ལུ་བརྟེན་ འཆར་གཞི་༡༡ པའི་ནང་ ཕྲང་ལམ་སེལ་ནི་གི་ འོས་འབབ་མིན་འདུག།
ནགས་ཚལ་ཉོགས་མེད་ལག་ཁྱེར་ནང་ ཕྲང་ལམ་དེ་ སྲུང་སྐྱོབ་ཀྱི་ ས་ཁོངས་ནང་ ཚུད་དོ་ཡོདཔ་ལས་ ཤིང་སྣ་དང་ སྲོག་ཆགས་ཚུ་ལུ་ གནོད་ཉེན་མ་གཏོགས་ རང་བཞིན་གནས་སྟངས་ཀྱི་ ཕན་གནོད་སྐོར་ལས་ ག་ནི་ཡང་ ཁ་གསལ་བཀོད་དེ་མེདཔ་ཨིན་མས།
ལྷན་ཚོགས་ཀྱིས་ ཉོགས་མེད་ལག་ཁྱེར་མི་བྱིན་ནི་གི་ གནད་དོན་སྦོམ་ཡོད་མི་དེ་ཡང་ ཤིང་མཁར་-སྒོར་གཱན་ཕྲང་ལམ་དེ་ ཁྲུམ་ཤིང་ལ་སྲུང་སྐྱོབ་ས་ཁོངས་གཙོ་ཅན་ནང་ལས་ ཀི་ལོ་མི་ཊར་༣༧.༢༨ སེལ་དགོ་ནི་དེ་གིས་ སྐྱེ་ལྡན་རིགས་སྣ་ལུ་ གནོད་སྐྱོན་ཡོད་མི་ལུ་བརྟེན་ཨིན་མས།
ནགས་ཚལ་དང་ རང་བཞིན་ཉམས་སྲུང་བཅའ་ཡིག་༢༠༡༧ ཅན་མའི་ལེའུ་༡༢ པའི་ནང་ སྲུང་སྐྱོབ་ས་ཁོངས་གཙོ་ཅན་ཚུ་ནང་ ལམ་དང་བཟོ་སྐྲུན་གྱི་ ལས་སྣ་ག་ཅི་ར་ཨིན་རུང་ འབད་མ་ཆོགཔ་སྦེ་ གསལ་བཀོད་འབད་དེ་ཡོདཔ་ད་ དེ་གི་ནང་དོན་ཉིད་ལས་ཡང་ ཁྲིམས་ཚུ་གི་མ་ འབྲུག་གི་རྩ་ཁྲིམས་ཆེན་མོ་དང་འཁྲིལཝ་ད་ རྒྱལ་གཞུང་གིས་ རྒྱལ་ཁབ་ཀྱི་ འགྲིབ་པ་མེད་པའི་ མཐའ་འཁོར་གྱི་ ཉེན་སྐྱོབ་དང་སྲུང་འཛིན་ ཡར་སྐྱེད་གཏང་ནི་དང་ སྐྱེ་ལྡན་རིགས་སྣའི་ ཉེན་སྲུང་འཐབ་དགོ་པའི་ཁར་ ཁུངས་ལྡན་གྱི་ དཔལ་འབྱོར་དང་ མི་སྡེ་གོང་འཕེལ་གཏང་བའི་སྐབས་ སྣོད་བཅུད་ཚད་མཉམ་ལྡན་པའི་ ཡུན་བརྟན་གོང་འཕེལ་གྱི་ སྲ་བརྟན་བཟོ་དགོཔ་ཨིན་པས།
གནད་དོན་དེ་ཚུ་ལུ་ལྟཝ་ད་ རྩ་ཕན་གཉིས་ཆ་ར་ལུ་ བདེན་ཁུངས་སྦོམ་ཡོད་རུང་ ད་ཚུན་གྱི་བར་ན་ སྲིད་དོན་པ་ཚུ་གིས་ ཁས་བླངས་འབད་མི་དེ་ ཁ་སྐམ་གྱི་ གནད་དོན་ཅིག་ལུ་ གྱུར་དོ་ཡོདཔ་མ་ཚད་ མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱིས་ ཉོགས་མེད་ལག་ཁྱེར་མ་བྱིན་པར་ ཁྲིམས་ཡིག་དང་འཁྲིལ་ རྒྱབ་སྲུང་སྦེ་ སྡོད་མི་ལུ་བརྟེན་ གྲུབ་འབྲས་མེད་པར་ རྩོད་རྙོགས་ཅན་སྦེ་ར་ ལུསཔ་ཨིན་མས།
འདི་འབདཝ་ལས་ གནད་དོན་དེ་ མདུན་སྐྱོད་འབད་དགོ་པ་ཅིན་ རྩ་ཕན་དང་ ཁེ་གྱོང་པ་ཚུ་གིས་ དྲན་ཤེས་ཅན་གྱི་ ཐབས་ལམ་ཅིག་ བཏོན་ཐོག་ལས་ སེལ་དགོཔ་འདུག་ཟེར་ ཞུ་ནི་ཨིན།
Check Also
མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།
༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …