དྲང་ཁྲིམས་སྡེ་ཚན་ནང་ ལེགས་བསྒྱུར་གྱི་བརྡ་མཚོན།

༉ ཁ་ཙ་ དྲང་ཁྲིམས་སྡེ་ཚན་གྱིས་ ལོ་ལྔའི་འཆར་གཞི་༡༢ པ་དང་འཁྲིལ་ དྲང་ཁྲིམས་སྡེ་ཚན་གྱི་ ཐབས་བྱུས་འཆར་གཞི་དང་པ་ གསར་བཏོན་འབདཝ་ལས་ བྱུང་རབས་ནང་ཚུད་པའི་ མཛད་རིམ་ཅིག་ཨིན་མས།
དྲང་ཁྲིམས་སྡེ་ཚན་གྱི་ འཆར་སྣང་དེ་ མི་སྡེའི་ནང་ རང་མོས་དང་ རྣམ་དག་ དྲང་བདེན་ མཐུན་ལམ་ཡར་དྲག་གཏང་ནི་དེ་ཨིནམ་ད་ དམིགས་དོན་དེ་ཡང་ དྲང་ཁྲིམས་སྡེ་ཚན་ལུ་ བློ་གཏད་དང་ ཡིད་ཆེས་ཡར་དྲག་གཏང་ཐབས་ལུ་ སྤུས་ཚད་ལྡན་པའི་ ཞབས་ཏོག་ཚུ་ ཐོབ་ཆོག་ཆོ་དང་ འགན་འཁྲི་ཅན་ ངོས་ལེན་ཅན་ཡོདཔ་ བཟོ་ནི་གི་ དམིགས་ཡུལ་ཨིན་མས།
དྲང་ཁྲིམས་སྡེ་ཚན་གྱི་གྲངས་སུ་ རྒྱལ་ཁབ་ནང་ ཁྲིམས་སྡེའི་གཙུག་སེྡེ་གཙོ་ཅན་༥ ཚུད་མི་དེ་ཡང་ ཁྲིམས་སྡེ་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ འབྲུག་གི་ཁྲིམས་སྲུང་འགག་སྡེ་ འབྲུག་རྒྱལ་ཡོངས་ཁྲིམས་དོན་སྤེལ་ཁང་དང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ཚུ་ཨིནམ་ད་ དྲང་ཁྲིམས་སྡེ་ཚན་གྱི་ ཐབས་བྱུས་འཆར་གཞི་ལུ་བརྟེན་ གཙུག་སྡེ་༥ འི་ནང་འཁོད་ལུ་ མཉམ་འབྲེལ་ཡར་དྲག་གཏང་ཚུགས་པའི་ རེ་བ་བསྐྱེདཔ་ཨིན་མས།
ཐབས་བྱུས་འཆར་གཞི་ནང་ཡང་ གནད་དོན་གཙོ་ཅན་༥ ལག་ལེན་གྱི་དོན་ལུ་ ངོས་འཛིན་འབད་ཡོདཔ་ད་ ད་རེས་ནངས་པར་ དྲང་ཁྲིམས་སྡེ་ཚན་ནང་ གདོང་ལེན་སྦོམ་ཤོས་ར་ གཙུག་སྡེའི་ནང་འཁོད་ལུ་ མཉམ་འབྲེལ་མེད་པའི་ཁར་ མི་སྟོབས་དང་ ལྕོགས་གྲུབ་ཅན་ འཇན་ཐངས་ཅན་མེདཔ་མ་ཚད་ གནས་སྡུད་འཛིན་སྐྱོང་ལམ་ལུགས་ སྒྲིང་སྒྲི་མེད་མི་ལུ་བརྟེན་ འཛིན་སྐྱོང་དང་ འགན་འཁྲི་ཚུལ་ལྡན་འབག་མི་མེད་པའི་ དཀའ་ངལ་བྱུངམ་ཨིན་མས།
ད་ལས་ཕར་ གདོང་ལེན་དེ་ཚུ་ མི་འབྱུང་ནི་གི་ རེ་བ་ཡོད་མི་དེ་ཡང་ སྡེ་ཚན་གྱིས་ ལཱ་གཅིག་ཁར་འབད་དེ་ སེལ་ཐབས་འབད་ནི་ཨིན་མས།
གདོང་ལེན་སྦོམ་ཤོས་ར་ འབྲེལ་ཡོད་ལས་སྡེ་ཚུ་གི་བར་ན་ མཉམ་འབྲེལ་ཚུལ་ལྡན་མེད་མི་ལུ་བརྟེན་ བྱུང་དོ་ཡོདཔ་ད་ དཔེར་ན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱད་རྐྱབ་མི་ ལས་སྡེ་ཅིག་ཨིནམ་ལས་ ངན་ལྷད་དང་འབྲེལ་བའི་ རྩོད་དོན་ག་ཅི་ར་ཨིན་རུང་ ཞིབ་དཔྱད་རྐྱབ་སྟེ་ ཉེས་བཤེར་གྱི་དོན་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ བཏངམ་ཨིན་རུང་ རེ་ཚེ་སྐབས་ ཁེ་ཕན་ལྟག་སྤྲོད་དང་ གནད་དོན་གཞན་ཚུ་ལུ་བརྟེན་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཉེས་བཤེར་འབད་ནིའི་ འོས་ཁུངས་མིན་འདུག་ཟེར་ ལོག་བཏང་པའི་ རྩོད་དོན་ཚུ་ཡང་ཐོན་ཡི།
དཔེར་ན་ ལོ་ངོ་༨ ལྷགཔ་ཅིག་གི་ཧེ་མར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ མོང་སྒར་རྒྱལ་པོའི་ཞིང་ལུ་ ཁྲོམ་ས་བགོ་བཀྲམ་ནང་ ཚུལ་མིན་ལག་ལེན་ཡོད་པའི་ མངོན་གསལ་བྱུང་ཡོད་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་བཤེར་འབད་ནི་གི་ འོས་ཁུངས་མེད་མི་ལུ་བརྟེན་ ཞིབ་དཔྱད་སྙན་ཞུ་ལུ་ ངོས་ལེན་འབད་མ་བཏུབ་མི་ལུ་བརྟེན་ ལྷན་ཚོགས་ཀྱིས་ ཉེས་བཤེར་འབད་བའི་མཐའ་མར་ རྩོད་དོན་ནང་ འབྲེལ་གཏོགས་ཡོད་མི་ཚུ་ ཉེས་ཁྲིམས་ཕོག་ཡོདཔ་ཨིན།
འདི་བཟུམ་སྦེ་ ལོ་ངོ་༢ དེ་ཅིག་གི་ཧེ་མར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཀྲོང་གསར་ལུ་ ས་ཚབ་སྤྲོད་ལེན་ནང་ གཡོ་སྒྱུ་འཐབ་པའི་ ཉོགས་བཤད་ལུ་ ཞིབ་དཔྱད་རྐྱབ་སྟེ་ རྫོང་བདག་བགྲེསཔ་དང་ ས་གནས་གཞུང་གི་ འགོ་ཁྲིདཔ་བགྲེསཔ་ཚུ་ལུ་ ཉེས་འཛུགས་བཀལ་ཡོད་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་བཤེར་འབད་ནི་གི་ འོས་ཁུངས་མིན་འདུག་ཟེར་ ཕྱིར་འབུད་བཏང་པའི་ཤུལ་ལས་ ལྷན་ཚོགས་ཀྱིས་ ཉེས་བཤེར་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ ད་ལྟོ་ ཀྲོང་གསར་རྫོང་ཁག་ཁྲིམས་ཀྱི་འདུན་སར་ རྩོད་གཞི་ཕྱེ་བའི་བསྒང་འདུག།
ད་རུང་ ཁྲིམས་འདུན་ཚུ་གིས་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དངས རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྩོད་གཞི་བཙུགས་མི་ མང་རབས་ཅིག་ ཕྱིར་འབུད་བཏང་མི་དེ་ཡང་ ཞིབ་དཔྱད་མཐིལ་ཕྱིན་མ་འབད་མི་དང་ ཉེས་འདོགས་པ་ཚུ་གི་ ཁ་ཐུག་ལས་ ཉེས་བཤེར་འབད་ནི་གི་ འོས་འབབ་ཡོད་མེད་ ལེགས་ཤོམ་སྦེ་ བསྐྱར་ཞིབ་མ་འབད་ནི་དེ་གིས་ཨིན་མས།
དེ་བཟུམ་མའི་ རྩོད་དོན་ཐོན་མི་དེ་ཡང་ གཙུག་སྡེ་ཚུ་གི་ ནང་འཁོད་ལུ་ མཉམ་འབྲེལ་དང་ གྲོས་བསྟུན་མ་འབད་མི་ལུ་བརྟེན་ འོང་ནི་ཨིནམ་ད་ ད་རེས་ དྲང་ཁྲིམས་སྡེ་ཚན་གྱིས་ འབྲེལ་ཡོད་ལས་སྡེ་ཚུ་གི་བར་ན་ མཉམ་འབྲེལ་ཡར་དྲག་གཏང་ནི་དང་ དྲང་ཁྲིམས་ཀྱི་ ཞབས་ཏོག་སྤྱོད་ཐབས་ལུ་ ཐབས་བྱུས་འཆར་གཞི་ ལག་ལེན་འགོ་བཙུགས་མི་དེ་གིས་ དྲང་ཁྲིམས་སྡེ་ཚན་ནང་ ལེགས་བསྒྱུར་གྱི་ མདུན་ལམ་ལུ་ ཞུགས་ནི་གི་ འོས་འབབ་སྦོམ་འདུག།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *