འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེའི་གཙོ་འཛིན་ མི་དབང་རྒྱལ་པོའི་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་གིས་ དྲང་ཁྲིམས་སྡེ་ཚན་གྱི་ ལོ་ལྔའི་ཐབས་བྱུས་ལས་འཆར་ གསར་བཏོན་མཛད་གནང་པའི་བསྒང་།

དྲང་ཁྲིམས་སྡེ་ཚན་གྱི་ ཐབས་བྱུས་ལས་འཆར་ འགོ་འབྱེད་འབད་ཡོདཔ།

༉ དྲང་ཁྲིམས་ལྷན་སྡེ་ནང་ ཡིད་ཆེས་དང་བློ་གཏད་ དེ་ལས་ དྲང་ཁྲིམས་ཀྱི་ཞབས་ཏོག་ཚུ་ དྭངས་གསལ་དང་ཞི་བདེའི་ཐོག་ལས་ ཐོབ་ཐབས་བཟོ་ནི་དང་ འགན་ཁྲི་ཅན་དང་ ངོས་ལེན་ཅན་གྱི་ལས་སྡེ་བཟོ་ཐབས་ལུ་ རྒྱལ་ཁབ་ནང་འགོ་དང་པ་ཨིན་མི་ དྲང་ཁྲིམས་སྡེ་ཚན་གྱི་ ཐབས་བྱུས་ལས་འཆར་དེ་ ཁ་ཙ་ ཐིམ་ཕུག་ལུ་སྦེ་ འགོ་འབྱེད་འབད་ཡི།
ལས་འཆར་འགོ་འབྱེད་འབད་བའི་སྐབས་ ཁྲིམས་སྤྱི་བློན་པོ་ ཚེ་རིང་དབང་ཕྱུག་གིས་ དྲང་ཁྲིམས་ཀྱི་བྱ་རིམ་ཚུ་ བསྒྱུར་བ་འགྱོ་ནི་དེ་གིས་ མི་སྡེའི་གནས་སྟངས་དང་ རྒྱལ་སྤྱིའི་གོང་འཕེལ་དང་འཁྲིལ་ འགྱོ་དགོ་ཟེར་གསུངས་ཡི།
ཁྲིམས་སྤྱི་བློན་པོ་གིས་ དྲང་ཁྲིམས་ལས་སྡེའི་ ཐབས་བྱུས་དེ་གིས་ མི་མང་གི་དགོས་མཁོ་དང་འཁྲིལ་ དྲང་ཁྲིམས་ཀྱི་ཞབས་ཏོག་དེ་ སྤུས་ཚད་ཡར་དྲག་སོང་བའི་རྟགས་ཨིནམ་ད་ ལས་འཆར་དེ་གིས་ གཙུག་སྡེའི་ལྕོགས་གྲུབ་དང་ དྲང་ཁྲིམས་དང་འབྲེལ་བའི་ སྡེ་ཚན་ཚུ་གི་བར་ན་ མཉམ་འབྲེལ་བཞག་ཚུགས་ཟེར་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ ཤེས་རབ་ལྷུན་གྲུབ་ཀྱིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁྲིམས་སྲུང་འགག་སྡེ་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ དེ་ལས་ འབྲེལ་བ་ཡོད་པའི་ ཡིག་ཚང་ཚུ་གིས་ རྩོད་བཤེར་འབད་དགོ་པའི་ལཱ་ཚུ་ཐོནམ་ད་ ཡིག་ཚང་དེ་ལུ་ ལཱ་ཚུ་བགོ་བཀྲམ་འབད་བྱིན་དོ་ཡོད་རུང་ ཡིག་ཚང་དེ་ཚུའི་བར་ན་ཡང་ འབྲེལ་བ་ལེགས་ཤོམ་མེད་པའི་ སྐྱོན་ཡོད་པའི་ཁར་ གཅིག་གིས་གཅིག་ལུ་ ངལ་རངས་དང་ཡིད་ཆེས་འབད་ནི་དེ་ཡང་ གལ་ཆེཝ་སྦེ་ མཐོང་ཡི་ཟེར་བཤད་ཅི།
རྩོད་དཔོན་ཡོངས་ཁྱབ་ཀྱིས་ དཔེར་ན་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ ལྕོགས་གྲུབ་ཅན་གྱི་ ཁྲིམས་རྩོདཔ་ཚུ་ཡོད་དེ་འབད་རུང་ གཞན་མི་འབྲེལ་བ་ཡོད་མི་ ཞིབ་དཔྱད་འབད་མི་ཡིག་ཚང་ཚུ་དང་ གཞན་ལས་སྡེ་ཚུ་ནང་ཡང་ འདྲ་མཉམ་གྱི་ལྕོགས་གྲུབ་ཡོད་པའི་ མི་སྟོབས་མེད་པ་ཅིན་ དེ་གིས་ དྲང་ཁྲིམས་བྱིན་ནིའི་ནང་ ལྷན་ཐབས་འབད་མི་ཚུགས་ཟེར་ བཤད་ཅི།
དེ་འབདཝ་ལས་ ཐབས་བྱུས་ལས་འཆར་དེ་ འགོ་བཙུགས་ཡོདཔ་ད་ ད་ཚུན་ འཆར་གཞི་ལྔ་པའི་ནང་ དེ་བཟུམ་སྦེ་ ཚུད་དེ་མེད་པའི་ཁར་ ཞིབ་དཔྱད་འབད་མི་དབང་འཛིན་གྱིས་ ཞིབ་དཔྱད་འབད་དགོཔ་འཐོན་པའི་སྐབས་ རང་དབང་ཐོག་ལས་ ངག་བརྗོད་ལེན་ནིའི་ནང་ ལྕོགས་གྲུབ་དགོ་མི་ཡང་ གལ་ཆེཝ་སྦེ་ ཐོན་ཏེ་ཡོད་ཟེར་ཨིནམ་ད་ དེ་ཡང་ ང་བཅས་ཀྱིས་ ཐབས་བྱུས་དེ་གི་ཐོག་ལས་ སེལ་ཐབས་འབད་དེ་ཡོད་ཟེར་ཨིན་པས།
དྲང་ཁྲིམས་དང་འབྲེལ་བའི་ ལཱ་འབད་མི་དབང་འཛིན་ཡིག་ཚང་ཚུ་གིས་ ཡིག་ཚང་གཅིག་གིས་གཅིག་ལུ་ ཧམ་འཛུལ་མ་འབད་བར་ ལཱ་འབད་ཚུགས་པའི་ཁར་ དཔེར་ན་ ཁྲིམས་སྲུང་འགག་སྡེ་གིས་ མི་ཅིག་འཛིན་བཟུང་འབད་བའི་སྐབས་ མི་དེ་གི་སྐོར་ལས་ ཁ་གསལ་ཚུ་ ཁོང་གི་ཡིག་ཚང་གི་གློག་རིག་ནང་ བཙུགས་དོ་ཡོད་རུང་ རྩོད་བཤེར་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་གཏང་པའི་སྐབས་ ད་རུང་ མི་དེ་གི་སྐོར་ལས་ ཁ་གསལ་ཚུ་ཡོངས་རྫོགས་སྦེ་ ལོག་བཙུགས་དགོ་པའི་ཁར་ ཁྲིམས་འདུན་གྱིས་ཡང་ དེ་སྦེ་ར་ འབད་དེ་ཡོདཔ་ལས་ དེ་ཚུ་སེལ་ཐབས་ཡང་ ང་བཅས་ཀྱིས་འབད་ཐབས་ཡོདཔ་ལས་ དཀའ་ངལ་དེ་ཚུ་ ཐབས་བྱུས་དེ་གི་ཐོག་ལས་ སེལ་ཐབས་འབད་ནིའི་རེ་བ་ཡོདཔ་ཨིན་པས།
ལས་འཆར་འགོ་འབྱེད་འབད་མི་དེ་ཡང་ སྤྱི་ལོ་༢༠༡༦ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ འགོ་འདྲེན་ཐོག་ལས་ དྲང་ཁྲིམས་ལྷན་སྡེ་དང་ཁྲིམས་འདུན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ རྒྱལ་གཞུང་འབྲུག་གི་འགག་སྡེ་ དེ་ལས་ རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེ་དང་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་དང་ ཨཱསི་ཊེ་ལི་ཡཱན་གོང་འཕེལ་ལས་སྡེ་དང་མཉམ་འབྲེལ་ཐོག་ལས་ འཆར་གཞི་འབད་ནི་ འགོ་བཙུགས་པའི་གྲུབ་འབྲས་ཨིན་པས།
ཐབས་བྱུས་ལས་འཆར་དེ་གིས་ གཙུག་སྡེའི་བར་ན་ མི་སྟོབས་དང་ལྕོགས་གྲུབ་ཡར་དྲག་བཟོ་ནི་ དེ་ལས་ དྲང་ཁྲིམས་ཀྱི་ གྲོགས་རམ་འབད་ནི་ལ་སོགས་པའི་ནང་ མཉམ་འབྲེལ་འབད་ཐབས་ལུ་ཨིན་པས།
འཆར་གཞི་༡༢ པའི་ནང་ཡང་ འགོ་དང་པ་ རྒྱལ་ཡོངས་གཙོ་རིམ་གྲུབ་འབྲས་ས་ཁོངས་ཁག་༡༦ ངོས་འཛིན་འབད་དེ་ཡོད་པའི་ཁར་ དྲང་ཁྲིམས་ཀྱི་ ཞབས་ཏོག་བྱིན་མི་ཚུ་ལུ་ཡང་ འགོ་དང་པ་ དྲང་ཁྲིམས་ལས་སྡེ་ནང་ལུ་ མཉམ་འབྲེལ་ཐོག་ལས་ འགན་ཁུར་འབག་སྟེ་ གྲུབ་འབྲས་འཐོན་ནིའི་ནང་ བརྩོན་ཤུགས་བསྐྱེད་དགོཔ་ཨིན་པས།
དེ་འབདཝ་ལས་ ཐབས་བྱུས་ལས་འཆར་དེ་ ཆེ་རིམ་གནས་ཚད་ནང་ མཉམ་འབྲེལ་བཟོ་ཐབས་དང་ ལས་ཁུངས་གནས་ཚད་ནང་ གོང་འཕེལ་བཟོ་ཐབས་ལུ་ཨིནམ་ད་ ལས་འཆར་ཚུ་ཡང་ རྒྱལ་ཡོངས་གནས་ཚད་ཀྱི་ཚོགས་ཆུང་དང་ དྲང་ཁྲིམས་ལས་སྡེའི་ལཱ་འབད་མི་ ཚོགས་ཆུང་ཚོགས་པའི་ཤུལ་ལས་ འགོ་བཙུགས་ནི་ཨིན་པས།
ལས་རིམ་དེ་ མི་དབང་རྒྱལ་པོའི་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་གིས་ འགོ་འབྱེད་གནང་ཡོདཔ་ད་ རྟེན་འབྲེལ་སྐབས་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་དང་ གཞན་རྒྱལ་སྤྱི་གྲོགས་རམ་ཡིག་ཚང་གི་ ངོ་ཚབ་ཚུ་གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *