༉ འབྲུག་གི་རྩ་ཁྲིམས་ཆེན་མོ་གིས་ མི་སེར་རེ་རེ་ལུ་ ཁ་སླབ་ནི་དང་ གནས་ཚུལ་ བརྡ་བརྒྱུད་ཀྱི་ ཐོབ་དབང་གནང་སྟེ་ཡོདཔ་བཞིན་དུ་ ཐོབ་དབང་ཚུ་ རང་རྐྱངམ་གཅིག་གི་ མཐའ་དོན་ལུ་ མནོ་བསམ་བཏང་སྟེ་ སྤྱོད་ནི་མེན་པར་ རྒྱལ་ཡོངས་ཀྱི་ དམིགས་ཡུལ་དང་ རྒྱལ་ཁབ་ཀྱི་ རང་བཙན་དང་ སྲུང་སྐྱོབ་སྒྲིང་སྒྲི་བཟོ་ནི་ དེ་ལས་ རྒྱལ་ཡོངས་ཀྱི་མཐའ་དོན་ མི་སྡེའི་ཞི་བདེ་དང་ མི་སེར་གྱི་ བདེ་སྐྱིད་འགྲུབ་ནི་ལུ་ གཙོ་བོར་བཏོན་དགོ་ཟེར་ འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེའི་གཙོ་འཛིན་ མི་དབང་རྒྱལ་པོའི་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་གིས་ གསུངས་ཡི།
དེ་ཡང་ ཁ་ཙ་ ཐིམ་ཕུག་ལུ་ ཉིན་གྲངས་༢ ཀྱི་རིང་ དྲང་ཁྲིམས་ལྷན་སྡེ་དང་ བརྡ་བརྒྱུད་ཀྱི་ གོ་བསྡུར་ཞལ་འཛོམས་ འགོ་འབྱེད་གནངམ་ད་ གསུངས་ཡི།
མི་དབང་རྒྱལ་པོའི་སྲསམོ་མཆོག་གིས་ གསུངས་མིའི་ནང་ མི་དབང་ཡབ་སྲས་༢ ཀྱིས་ དམངས་གཙོའི་རིང་ལུགས་ ལེགས་ཤོམ་སྦེ་ འགོ་བཙུགས་གནང་མི་དེ་ འཛམ་གླིང་ནང་ དཔེ་བཞག་བཏུབ་པའི་ ལམ་ལུགས་ཅིག་སྦེ་ བཟོ་ནི་གི་འགན་ཁུར་ འབྲུག་པའི་མི་སེར་ག་ར་ལུ་ ཕོགཔ་མ་ཚད་ དམངས་གཙོའི་རིང་ལུགས་དེ་ མི་སེར་གྱི་ གཞུང་ཅིག་འབདཝ་ལས་ རྒྱལ་ཁབ་ནང་ ཞི་བའི་མི་སྡེ་སྒྲིང་སྒྲི་བཟོ་སྟེ་ དམངས་གཙོའི་ལམ་ལུགས་ནང་ མི་སེར་གྱིས་ བཅའ་མར་གཏོགས་ནི་གི་ ཐབས་ལམ་ངོ་མ་ཅིག་ བརྡ་བརྒྱུད་ལུ་བརྟེན་ཨིན་ཟེར་ཨིན་པས།
འཇིགས་མེད་སེངྒེ་དབང་ཕྱུག་ཁྲིམས་དོན་སློབ་གྲྭ་དང་ འབྲུག་གི་རྒྱབ་མི་ཚོགས་སྡེའི་གཙོ་འཛིན་ཡང་ཨིན་མི་ རྒྱལ་པོའི་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་གིས་འབད་བ་ཅིན་ དལ་དབང་དང་ རང་དབང་དེ་ འབྲུག་པའི་བརྡ་བརྒྱུད་ཀྱིས་ དགག་བཤེར་དང་ ཚད་མཉམ་འབདཝ་ལས་ གཞུང་སྐྱོང་ལེགས་ལྡན་གྱི་ ཐབས་ལམ་ངོ་མ་ཅིག་ཨིན་རུང་ དལ་དབང་དང་གཅིག་ཁར་ འགན་ཁག་དང་ འགན་ཁུར་ཡོདཔ་ཨིནམ་ཡང་ ཤེས་དགོཔ་དེ་ཁག་ཆེ་ཟེར་ཨིན་པས།
འདི་འབདཝ་ལས་ བརྡ་བརྒྱུད་ཀྱིས་ མི་སེར་ལུ་ བརྡ་དོན་དང་ ཤེས་ཡོན་སྤེལ་ནི་གི་ ཕྱག་ལཱ་གནང་པའི་སྐབས་ ཁྱད་རིག་རྣམ་གཞག་ལུ་ གུས་ཞབས་བསྐྱེད་དེ་ རྒྱལ་ཁབ་ལུ་ བརྩི་མཐོང་བསྐྱེད་ཚུགས་པའི་ མི་ཁུངས་ཅིག་སྦེ་ ཕྱག་ཞུ་དགོ་ཟེར་ མི་དམང་རྒྱལ་པོའི་སྲསམོ་མཆོག་གིས་ བརྡ་བརྒྱུདཔ་ཚུ་ལུ་ བཀའ་སློབ་གནང་ཡི།
མ་གཞི་ བརྡ་བརྒྱུད་དང་ དྲང་ཁྲིམས་ལྷན་སྡེའི་བར་ན་ གོ་བསྡུར་ཞལ་འཛོམས་དེ་ ཧེ་མ་ལས་ འགོ་འདྲེན་འཐབ་དགོཔ་ཅིག་ཨིན་རུང་ ད་ལྟོ་ དུས་ཚོད་དང་འཁྲིལ་ཏེ་ འགོ་འདྲེན་འཐབ་མི་དེ་ ལེགས་ཤོམ་ཅིག་མས་ཟེར་གསུངས་ཡི།
འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེའི་ ཡོངས་ཁྱབ་མདོ་ཆེན་ པདྨ་དབང་ཕྱུག་གིས་ དེ་བཟུམ་མའི་ གོ་བསྡུར་ཞལ་འཛོམས་འགོ་འདྲེན་འཐབ་དགོ་པའི་ དམིགས་ཡུལ་དེ་ དྲང་ཁྲིམས་ལྷན་སྡེ་དང་ བརྡ་བརྒྱུད་གཉིས་ མཉམ་འབྲེལ་འབྱུང་པ་ཅིན་ ལཱ་ག་ཅི་ར་འབད་རུང་ སྟབས་བདེ་ཏོག་ཏོ་ འབྱུང་ནི་དང་ ཕྱི་རྒྱལ་ཁབ་ཀྱི་ མཐོང་སྣང་ལས་འབད་རུང་ ལེགས་ཤོམ་ཡོད་མི་ལུ་བརྟེན་ཨིན་ཟེར་བཤད་ཅི།
འབྲུག་གི་བརྡ་བརྒྱུདཔ་མཐུན་ཚོགས་ཀྱི་ གཙོ་འཛིན་དང་ རྫོ་ཁ་ཀུན་གསལ་གསར་ཤོག་གི་རྩོམ་སྒྲིགཔ་ རིག་འཛིན་དབང་ཕྱུག་གིས་འབད་བ་ཅིན་ ད་ལྟོ་ རྒྱལ་ཁབ་ནང་ བརྡ་བརྒྱུད་ཀྱི་ གནས་སྟངས་ལུ་ བལྟ་བ་ཅིན་ བརྡ་བརྒྱུད་ལས་ཁང་ཚུ་ནང་ གནས་ཚུལ་བསྡུ་བཀོད་པའི་ གྱངས་ཁ་རྐྱངམ་གཅིག་ ཡར་འཕར་སོང་ཡོདཔ་མ་གཏོགས་ བརྡ་བརྒྱུདཔ་མང་ཤོས་ར་ ན་གཞོན་ཨིན་པའི་ཁར་ ཁོང་ལུ་ ཁྲིམས་དང་འབྲེལ་བའི་ གནས་ཚུལ་བསྡུ་བཀོད་འབད་ནིའི་ནང་ སྦྱོང་བརྡར་མེད་མི་ལུ་བརྟེན་ གདོང་ལེན་བྱུང་སྟེ་ཡོད་ཟེར་ཨིན་པས།
དེ་འབདཝ་ལས་ བརྡ་བརྒྱུདཔ་ན་གཞོན་ཚུ་གིས་ དྲང་དཔོན་དང་ ཁྲིམས་འདུན་གྱི་ འགོ་དཔོན་ཚུ་ལུ་ དྲི་བ་བཀོད་མ་ཚུགསཔ་ལས་ མཐའན་མཇུག་ལུ་ བརྡ་བརྒྱུད་དང་ དྲང་ཁྲིམས་ནང་ ཕྱག་ལཱ་གནང་མི་ཚུ་གི་བར་ན་ འབྲེལ་བ་འཐབ་མ་ཚུགསཔ་འགྱོཝ་མས་ཟེར་ རིག་འཛིན་དབང་ཕྱུག་གིས་ བཤད་ཅི།
ཨིན་རུང་ ཁོ་གིས་འབད་བ་ཅིན་ གནས་ཚུལ་བསྡུ་བཀོདཔ་ཚུ་གིས་ དྲང་ཁྲིམས་ལྷན་སྡེ་ལུ་ གནས་ཚུལ་བྱིན་མི་བཏུབ་པས་ཟེར་ སྐྱོན་བརྗོད་འབདཝ་མ་ཚད་ དྲང་ཁྲིམས་ལྷན་སྡེའི་ ཁ་ཐུག་ལས་འབད་བ་ཅིན་ བརྡ་བརྒྱུདཔ་ཚུ་གིས་ ཞིབ་དཔྱད་མཐིལ་ཕྱིན་ཐོག་ གནས་ཚུལ་གཏིང་ཟབ་སྦེ་ ཁྱབ་སྤེལ་མི་འབད་བས་ཟེར་ ཁ་བཏངམ་མས་ཟེར་ཨིན་པས།
དེ་འབདཝ་ལས་ ད་རེས་ གོ་བསྡུར་ཞལ་འཛོམས་ འགོ་འདྲེན་འཐབ་མི་དེ་གིས་ གནས་ཚུལ་བསྡུ་བཀོདཔ་དང་ དྲང་ཁྲིམས་ལྷན་སྡེ་གཉིས་ཆ་ར་གིས་ རང་སོའི་གནད་དོན་ཚུ་ ལེགས་ཤོམ་སྦེ་ ཧ་གོ་ནི་དང་ མཉམ་འབྲེལ་དམ་ཟབ་བཟོ་ནི་ལུ་ ཕན་ཐབས་འབྱུང་འོང་ཟེར་ རིག་འཛིན་དབང་ཕྱུག་གིས་ བཤད་ཅི།
ད་རིས་ མཇུག་བསྡུ་ནི་ཨིན་མི་ གོ་བསྡུར་ཞལ་འཛོམས་དེ་ འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེ་དང་ འབྲུག་གི་བརྡ་བརྒྱུདཔ་མཐུན་ཚོགས་༢ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།