དྲང་ཁྲིམས་ལྷན་སྡེ་གིས་ ཁྲིམས་འབྲེལ་ཞབས་ཏོག་ཁག་༡༡ རྫོང་ཁག་ཁྲིམས་འདུན་ཚུ་ནང་ལས་ བྱིན་ནི།

༉ ཁ་ཙ་ དྲང་ཁྲིམས་ལྷན་སྡེ་གིས་ ལྷན་རྒྱས་གཞུང་ཚོགས་ལས་ གློག་རིག་ཐོག་ མི་སེར་ལུ་ ཞབས་ཏོག་བྱིན་ནིའི་ རྩིས་ལེན་མི་དེ་གིས་ ད་ལས་ཕར་ དྲང་ཁྲིམས་ལྷན་སྡེ་དང་འབྲེལ་བའི་ ཞབས་ཏོག་ཚུ་ག་ར་ ཁྲིམས་འདུན་ཚུ་ནང་ལས་ འཐོབ་ཚུགས་ནི་ཨིན་པས།
དེ་ཡང་ ཁ་ཙ་ལས་འགོ་བཙུགས་ གཞུང་ལས་མི་སེར་ལུ་ཟེར་མི་ ཞབས་ཏོག་གི་གྲས་ལས་ དྲང་ཁྲིམས་ལྷན་སྡེ་གི་ ཞབས་ཏོག་ཁག་༡༡ ད་ལས་ཕར་ རྫོང་ཁག་དང་ དྲུང་ཁག་ཁྲིམས་འདུན་ཚུ་ནང་ལས་ འཐོབ་ཚུགས་ནི་ཨིན་པས།
དྲང་ཁྲིམས་དང་འབྲེལ་བའི་ ཞབས་ཏོག་ཚུ་ཡང་ གཉེན་ཐམ་བཏོག་ནི་དང་ མིང་སོར་ནི་ གཉེན་ཐམ་སྐད་སྒྱུར་འབད་ནི་ ཡིག་ཆ་བྱང་སྟོར་ཤོར་མི་ ཡིག་ཆ་བདེན་སྦྱོར་འབད་ནི་ བུ་ཚབ་ལེན་ནི་ དེ་ལས་ ཨ་ལོའི་འགྲོ་འགྲུལ་ལ་སོགས་པའི་ཡིག་ཆ་ཚུ་ག་ར་ རང་སོའི་རྫོང་ཁག་ནང་ལས་ འཐོབ་ཚུགས་ནི་ཨིན་པས།
ཞབས་ཏོག་དེ་ཚུ་ དྲང་ཁྲིམས་ལྷན་སྡེ་གིས་ དུས་ཅི་སྤྱི་ཟླ་༤ པའི་ནང་ལས་ མོ་བཏབ་སྦེ་ འགོ་བཙུགས་མི་དེ་ལུ་ མི་མང་ལས་ ངོས་ལེན་ལེགས་ཤོམ་བྱུང་ནི་དེ་གིས་ རྫོང་ཁག་དང་ དྲུང་ཁག་གི་གནས་ཚད་ནང་ལས་ འཐོབ་ཚུགསཔ་སྦེ་ བཟོ་ཡོདཔ་ཨིན་པས།
མངོན་མཐོ་ཁྲིམས་འདུན་གྱི་ རྩོད་འཛིན་ཡོངས་ཁྱབ་་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ ཧེ་མའི་ ལམ་ལུགས་ཚུ་དང་འཁྲིལཝ་ད་ ད་རེས་བྱིན་མི་ ཡིག་ཆ་ཚུའི་དོན་ལུ་ དུས་ཚོད་བཅད་དེ་ རྫོང་ཁག་གཞན་ཁར་ལས་ཕར་ འགྱོ་དགོ་ནི་དེ་གིས་ བྱ་སྟབས་མ་བདེཝ་ཡོདཔ་ལས་ ད་ལས་ཕར་ དེ་ཚུ་འབད་དགོཔ་མི་འཐོན་ཟེར་ཨིན་པས།
དེ་མ་ཚད་ ཕྱི་རྒྱལ་ལས་ཕར་ འགྱོ་མི་ཚུ་ལུ་ཡང་ གཉེན་ཐམ་ཚུ་ སྐད་སྒྱུར་འབད་དགོཔ་ཐོནམ་ད་ བྱ་སྟབས་མ་བདེཝ་ཡོད་རུང་ ད་རེས་ཀྱི་ ཞབས་ཏོག་འགོ་བཙུགས་མི་དེ་གིས་ རང་གི་ མི་ཁུངས་ངོ་སྤྲོད་ལག་ཁྱེར་ཨང་གིས་ རང་སོའི་རྫོང་ཁག་ནང་ལས་ ཁ་གསལ་ཚུ་ག་ར་ འཐོབ་ཚུགས་ཟེར་ཨིན་པས།
ཞབས་ཏོག་གསརཔ་གིས་ མི་མང་ལུ་ ཞབས་ཏོག་ཚུ་དུས་ཚོད་ཐུང་ཀུ་ཅིག་ནང་ བྱིན་ཚུགས་པའི་རེ་བ་ཡོད་ཟེར་ ཚེ་རིང་རྡོ་རྗེ་གིས་བཤད་ཅི།
ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་ ཀུན་བཟང་དབང་འདུས་ཀྱིས་ གཞུང་གི་དམིགས་ཡུལ་ཚུའི་གྲས་ལས་ གཅིག་ མི་སེར་ཚུ་ དུས་ཡུན་ཐུང་ཀུ་ཅིག་ནང་ ཞབས་ཏོག་ཚུ་ བྱིན་ཚུགསཔ་བཟོ་ནི་དེ་ཨིན་ཟེར་བཤད་ཅི།
དྲུང་ཆེན་གྱིས་ བཤད་མིའི་ནང་ ལས་སྡེ་ལ་ལོ་ཅིག་ གློག་རིག་གི་ཐོག་ལས་ ཞབས་ཏོག་བྱིན་ནི་ལུ་ དོགས་པ་ཡོད་རུང་ ཞབས་ཏོག་དེ་གིས་ མི་སེར་ཚུ་ལུ་ ཕན་ཐོགས་སྦོམ་བྱུང་སྟེ་ཡོད་ཟེར་ཨིན་པས།
ལས་འགུལ་དེ་གི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༤ ལྷགཔ་ཅིག་གནས་ཡོདཔ་ད་ ཞབས་ཏོག་འཕྲོ་མཐུད་སྤྲོད་ནིའི་དོན་ལུ་ ཉམས་བཅོས་ཀྱི་འཐུས་ཚུ་ སྤྲོད་དགོཔ་འཐོན་ནི་ཨིན་པས།
དྲང་ཁྲིམས་ལྷན་སྡེའི་ འགོ་དཔོན་ཚུ་གིས་ ཞབས་ཏོག་ཏེ་ དུས་རྒྱུན་དུ་བྱིན་ནི་ཨིནམ་ལས་ མ་འོངས་པ་ལུ་ ཞབས་ཏོག་གི་སྤུས་ཚད་ཚུ་ ཡར་དྲག་གཏང་དགོཔ་འོང་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *