དྲགོས་བསོད་ནམས་ཀུན་དགའ་གི་སྐོར་ལས་ ཉོགས་བཤད་ཡི་གུ་བཙུགས་ཡོདཔ།

ཁ་ཙ་ འབྲུག་ཕུན་སུམ་ཚོགས་པ་གིས་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་བགྲེསཔ་ དྲགོས་བསོད་ནམས་ཀུན་དགའ་གི་ རྒྱབ་འགལ་ལུ་ བརྡ་བརྒྱུད་འདུམ་འགྲིག་ཡིག་ཚང་ནང་ གཞུང་འབྲེལ་ཐོག་ ཉོགས་བཤད་ཡི་གུ་བཙུགས་མི་དེ་ཡང་ ཁོ་གིས་ སྤྱི་ཟླ་༨ པའི་ཚེས་༣༡ ལུ་ ཁོ་རའི་ མི་སྡེ་བརྡ་བརྒྱུད་ གདོང་དེབ་ནང་ སྤྱི་ལོ་༢༠༠༨ ཀྱི་ བཙག་འཐུའི་སྐོར་ལས་ གསལ་བཀོད་འབད་མི་ལུ་བརྟེན་ཨིན་པས།

འབྲུག་ཕུན་སུམ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ སངས་རྒྱས་ཕུར་པ་གིས་ བཙག་འཐུའི་རྩོད་རྙོགས་བཅའ་ཡིག་དང་ སྒྲིག་གཞིའི་དོན་ཚན་༩ པ་དང་འཁྲིལ་ ཉོགས་བཤད་བཀོད་ཡོདཔ་ད་ ཉོགས་བཤད་ཡི་གུ་ནང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ བཙག་འཐུའི་དུས་ཚོད་ནང་ རྩོད་རྙོགས་འབྱུང་སྲིད་པའི་ གནད་དོན་ཚུ་ གསལ་བཀོད་འབད་ནི་ལས་ འཛེམ་དགོ་པའི་གསལ་བསྒྲགས་ ནན་བསྐྱར་དུ་འབད་བའི་ཤུལ་ལས་ དྲགོས་བསོད་ནམས་ཀུན་དགའ་གིས་ ཁྱབ་བསྒྲགས་ལུ་ མ་གུས་པར་ གདོང་དེབ་ནང་ གསལ་བཀོད་འབད་ནུག་ཟེར་ཨིན་པས།

དེ་བཟུམ་མའི་ ལོ་རྒྱུས་དང་བཅས་ གསལ་བཀོད་འབད་མི་དེ་གིས་ བཙག་འཐུའི་གསལ་བསྒྲགས་དང་ སྒྲིག་གཞི་ཚུ་ལས་ འགལ་ཡོདཔ་མ་ཚད་ ཚོགས་པའི་མིང་གཏམ་ མེདཔ་གཏང་ནིའི་ དམིགས་པ་བཟུམ་ཅིག་ཡང་ཨིན་པའི་ ཚོར་སྣང་བྱུང་ཡི་ཟེར་ ཉོགས་བཤད་བཀོད་ནུག།

ཚོགས་པ་གིས་འབད་བ་ཅིན་ མི་སྡེ་བརྡ་བརྒྱུད་ནང་ བཀོད་མི་དེ་གིས་ བཙག་འཐུའི་ཁྲིམས་ལུགས་ འགལ་མི་ལུ་བརྟེན་ བཙག་འཐུའི་མི་སྡེ་བརྡ་བརྒྱུད་ཀྱི་བཅའ་ཡིག་དང་ སྒྲིག་གཞིའི་དོན་ཚན་༤.༤ འི་དགོངས་དོན་དང་འཁྲིལ་ ཉོགས་བཤད་བཀོད་ནིའི་ གཞི་ཁུངས་ཡོད་ཟེར་ཨིནམ་ད་ དོན་ཚད་༤.༤ ནང་ ངོ་རྐྱང་གང་རུང་གིས་ དོ་འགྲན་པ་ ཡང་ཅིན་ སྲིད་དོན་ཚོགས་པ་ལུ་ སྐུར་འདེབས་དང་ བརྙས་བཅོས་ ཡང་ཅིན་ བཙག་འཐུའི་བྱ་རིམ་ནང་ གོ་སྐབས་ཉུང་སུ་བཟོ་ནི་ལུ་ ཆེད་དམིགས་བསྐྱེད་དེ་ མ་དགའཝ་ ཡང་ན་ མི་འདོད་པའི་འཕྲིན་དོན་ཚུ་ ཁྱབ་སྤེལ་འབད་མི་ཆོག་ཟེར་བཀོད་དེ་འདུག།

ད་རུང་ བཙག་འཐུའི་ཉོགས་བཤད་དང་འབྲེལ་བའི་ བཙག་འཐུའི་རྙོགས་སེལ་བཅའ་ཡིག་དང་ སྒྲིག་གཞིའི་དོན་ཚན་༩ པའི་ནང་ གནས་ཚུལ་གསར་ཤོག་དང་ རྒྱང་བསྒྲགས་རེ་ཌིའོ་ རྒྱང་མཐོང་འཕྲུལ་ཁང་ དེ་ལས་ མི་སྡེ་བརྡ་བརྒྱུད་ཚུ་དང་འབྲེལ་བའི་ ཉོགས་བཤད་ཚུ་ བརྡ་བརྒྱུད་འདུམ་འགྲིགཔ་ལུ་ ཐད་ཀར་དུ་ བཙུགས་ཆོག་ཟེར་བཀོད་ནུག།

སྤྱི་ཟླ་༨ པའི་ཚེས་༣༡ གི་དྲོ་པར་ དྲགོས་བསོད་ནམས་ཀུན་དགའ་གིས་ ཁོ་འི་གདོང་དེབ་ནང་ འབྲུག་རྒྱབ་ཁབ་འདི་ དམངས་གཙོའི་རིང་ལུགས་ལུ་ སོར་བསྒྱུར་དང་འབྲེལ་ སྤྱི་ལོ་༢༠༠༨ ཀྱི་བཙག་འཐུའི་འཆར་སྣང་གི་ ཀི་དེབ་ཅིག་ བྲིས་ཚར་ཡོད་པའི་སྐོར་ གསལ་བཀོད་འབད་ཡོདཔ་ད་ དེ་ནང་ ཁོ་གི་ཀི་དེབ་དེ་ སྤྱི་ལོ་༢༠༡༠ ལུ་ མཁས་དབང་པི་ཨེཆ་ཌི་རྐྱབ་མི་ལུ་ ཆ་ཤས་ཅིག་ གཞི་བཞག་སྟེ་བྲིས་ཡོདཔ་ལས་ དུས་ཅི་སྤྱི་ཟླ་༡༢ པའི་ནང་ དཔེ་སྐྲུན་འབད་ནི་གི་ རེ་བ་ཡོད་ཟེར་ བཀོད་དེ་འདུག།

ཁོ་གིས་ ཁོ་རའི་ཀི་དེབ་སྐོར་ ཤེས་འདོད་ཡོད་མི་ཚུ་གི་དོན་ལུ་ ད་རུང་ བཅུད་དོན་ཅིག་ བཀོད་མི་དེ་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ བཙག་འཐུ་ནང་ལས་ རྒྱལ་ཁ་ག་དེ་སྦེ་ ཐོབ་ཡོདཔ་ཨིན་ན་དང་ ག་དེ་སྦེ་ ཕམ་ཡོདཔ་ཨིན་ན་ དེ་ལས་ སྤྱི་ལོ་༢༠༠༨ ཀྱི་བཙག་འཐུའི་ཧེ་མ་དང་ ཤུལ་མའི་སྐོར་ བཀོད་དེ་ཡོད་ཟེར་བཤད་ནུག།

དེ་ཚེ་ཕྱི་རུ་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ པདྨ་རྒྱ་མཙོ་གིས་ ཁོ་རའི་གདོང་དེབ་ནང་ དྲགོས་བསོད་ནམས་ཀུན་དགའ་གིས་ ཚོགས་པ་ལུ་ བརྙས་བཅོས་འབད་བའི་སྐོར་ གསལ་བཀོད་འབད་མི་ལུ་ ལན་གསལ་མི་རྐྱབ་ཟེར་ བཀོད་མི་དེ་ཡང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྒྲིག་གཞི་ཚུ་ གསལ་སྟོན་འབད་དེ་ འབྲུག་རྒྱང་བསྒྲགས་ནང་ ཡང་བསྐྱར་དུ་ གསལ་བསྒྲགས་འབད་མི་དང་འཁྲིལ་ ངོས་ལེན་འབད་ནི་གི་ ཁྱད་དབང་ཡོད་མི་ལུ་ བརྩི་མཐོང་དང་ གུས་ཞབས་ཡོད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།

དྲགོས་བསོད་ནམས་ཀུན་དགའ་གིས་ ཁོ་རའི་ཀི་དེབ་ཀྱི་ བཅུད་དོན་དེ་ བཙག་འཐུའི་དུས་ཚོད་སྐབས་ ག་ཅི་སྦེ་ མི་སྡེ་བརྡ་བརྒྱུད་ནང་ གསལ་བཀོད་འབད་དགོཔ་ཨིན་ན་ བསམ་འཆར་སླབ་གནང་ཟེར་ ཀུན་གསལ་གྱིས་ ཞུ་བ་འབད་མི་ལུ་ ངོས་ལེན་འབད་མ་བཏུབ།

བཙག་འཐུ་ལྷན་ཚོགས་ཀྱི་ མགྲིན་ཚབ་དང་ བཙག་འཐུ་ལས་ཁུངས་ཀྱི་འགོ་འཛིན་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ལྷན་ཚོགས་ཀྱི་ རྙོགས་སེལ་ལས་སྡེ་གིས་ བྱ་བའི་གནད་སྤྱོད་དང་འཁྲིལ་ ཉོགས་བཤད་ལུ་ བསྐྱར་ཞིབ་འབད་ཞིནམ་ལས་ དེ་དང་འཁྲིལ་ གྲོས་ཐག་བཅད་འོང་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ལྷན་ཚོགས་ཀྱིས་ སྙན་གསན་ཚུ་ འགོ་འདྲེན་འཐབ་ནི་དང་ རྙོགས་སེལ་ལས་སྡེའི་ གྲོས་ཆོད་དེ་ མི་མང་ལུ་ བརྡ་སྤེལ་འོང་ཟེར་ཨིན་པས།

བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ བཙག་འཐུའི་དུས་ཚོད་ འགོ་བཙུགས་ཡོདཔ་ལས་ ལྷན་ཚོགས་ཀྱིས་ མི་སྡེ་བརྡ་བརྒྱུད་ནང་ གསལ་བཀོད་འབད་ཡོད་མིའི་སྐོར་ ཕེསི་བུག་ལུ་ སྙན་ཞུ་མ་འབད་ཟེར་ཨིན་པས།

བརྡ་བརྒྱུད་འདུམ་འགྲིགཔ་ ཌོག་ཊར་ཕྱག་རྡོར་དབང་འདུས་ཀྱིས་ སླབ་མིའི་ནང་ ཁོང་གིས་ འབྲུག་ཕུན་སུམ་ཚོགས་པའི་ ཉོགས་བཤད་ཡི་གུ་ཐོབ་ཡོདཔ་ལས་ ལྷན་ཚོགས་ཀྱི་ རྙོགས་སེལ་ལས་སྡེ་ལུ་ གཏང་འོང་ཟེར་ཨིནམ་ད་ བརྡ་བརྒྱུད་འདུམ་འགྲིག་ཡིག་ཚང་ལྟེ་བའི་ནང་ ལས་བྱེདཔ་༤ མ་གཏོགས་མེདཔ་ལས་ ཡིག་ཚང་ལུ་ ཉོགས་བཤད་བལྟ་ནི་གི་ ལྕོགས་གྲུབ་དང་ དུས་ཚོད་མེད་ཟེར་ བཤདཔ་ཨིན་པས།

སྤྱི་ཟླ་༩ པའི་ཚོས་༡ ལུ་ བརྡ་བརྒྱུད་འདུམ་འགྲིག་ཡིག་ཚང་གིས་ བཙག་འཐུའི་དུས་ཚོད་སྐབས་ མི་སྡེ་བརྡ་བརྒྱུད་འགན་འཁྲི་ཅན་སྦེ་ ལག་ལེན་འཐབ་སྟེ་ སྲིད་དོན་ཚོགས་པ་དང་ འདེམས་ངོ་གང་རུང་ལུ་ མ་གུས་པའི་ བརྡ་འཕྲིན་ཚུ་ གསལ་བཀོད་འབད་ནི་ལས་ ག་དེ་དྲག་དྲག་ འཛེམ་གནང་ཟེར་ མི་མང་ལུ་ གསལ་བསྒྲགས་འབད་བའི་ཁར་ འདི་བཟུམ་མའི་ གསལ་བཀོད་འབད་མི་ཚུ་ ལག་ལེན་པ་གཞན་ཚུ་ལུ་ཡང་ བརྗེ་སོར་འབད་མ་གནང་ཟེར་ བཀོད་ཡོད་པའི་གནས་ཚུལ།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *