དྲགོས་གནས་བརྟན་བཟང་མོ་ ཚོགས་པའི་གཙོ་འཛིན་སྦེ་ར་ སྡོད་དགོ་པའི་ཞུ་བ།

༉ འབྲུག་ཀུན་མཉམ་ཚོགས་པའི་ གཙོ་འཛིན་འོག་མ་དང་ ཚོགས་པའི་མགྲིན་ཚབ་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ དྲགོས་གནས་བརྟན་བཟང་མོ་ལུ་ ཚོགས་པའི་གཙོ་འཛིན་སྦེ་ར་ སྡོད་དགོ་པའི་ ཞུ་བ་འབད་དེ་ཡོད་ཟེར་ཨིན་པས།
དེ་ཡང་ ཁ་ཙ་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ དྲི་བ་དྲིས་ལན་འབད་བའི་སྐབས་ སླབ་ཡོདཔ་ད་ མགྲིན་ཚབ་ཀྱིས་འབད་བ་ཅིན་ ཚོགས་པའི་གཙོ་འཛིན་སྦེ་ དྲགོས་གནས་བརྟན་བཟང་མོ་བཟུམ་ འཚོལ་ཞིབ་འབད་རུང་ འཐོབ་ཚུགས་པར་ ལཱ་ཁག་རྐྱབ་ནི་མས་ཟེར་ཨིན་པས།
བསོད་ནམས་སྟོབས་རྒྱས་ཀྱིས་ དྲགོས་གནས་བརྟན་བཟང་མོ་དེ་ ཚོགས་པའི་དོན་ལུ་ བདོག་གཏད་ངོ་མ་ཅིག་འབདཝ་ལས་ མོ་གིས་ དགོངསམ་ཞུ་ནི་ཨིན་ཟེར་མི་ལུ་ ངོས་ལེན་འབད་མི་ཚུགས་པས་ཟེར་ ཨིན་པས།
ཁོ་གིས་འབད་བ་ཅིན་ ཚོགས་པའི་བཟའ་ཚང་ཚུ་གིས་ གཙོ་འཛིན་ལུ་ གུས་ཞབས་དང་ རེ་བ་སྦོམ་ཡོདཔ་ལས་ སྤྱི་ལོ་༢༠༢༣ ལུ་ གྲ་སྒྲིག་ལེགས་ཤོམ་འབད་ཞིནམ་ལས་ གཞུང་སྐྱོང་འཐོབ་ཚུགསཔ་འབད་དེ་ མི་སེར་ཚུ་གི་ རེ་འདོད་ཚུ་ འགྲུབ་ཚུགསཔ་འབད་ནིའི་ དམིགས་གཏད་ཡོདཔ་ལས་ དྲགོས་གནས་བརྟན་བཟང་མོ་དེ་ ཚོགས་པའི་གཙོ་འཛིན་སྦེ་ར་ སྡོད་བཅུག་ནི་ལུ་ ཞུ་བ་ཕུལ་ཏེ་ཡོད་ཟེར་ཨིན་པས།
གཙོ་འཛིན་མོ་ར་ ཚོགས་པའི་གཙོ་འཛིན་ནང་ལས་ དགོངས་ཞུ་འབད་ནིའི་ ཡི་གུ་དེ་ཡང་ འགོ་ཐོག་བཙག་འཐུ་ འགོ་འདྲེན་འཐབ་ཚར་ཏེ་ ཉིནམ་༡ གི་ཤུལ་ལས་ སྤྱི་ཟླ་༩ པའི་ཚེས་༡༦ ལུ་ བཙུགས་ཏེ་འབད་རུང་ སྤྱི་ཟླ་༡༡ པའི་ཚེས་༥ ལུ་རྐྱངམ་གཅིག་ འབྲུག་ཀུན་མཉམ་ཚོགས་པའི་ མི་སྡེ་བརྡ་བརྒྱུད་ ཕེསི་བུག་ནང་ ཞུ་ཡིག་གི་འདྲ་ཅིག་ བཙུགས་ཏེ་འདུག།
འབྲུག་ཀུན་མཉམ་ཚོགས་པའི་ ཡིག་ཚང་གི་ ལས་བྱེདཔ་ཚུ་གིས་ སླབ་མིའི་ནང་ གཙོ་འཛིན་གྱི་ གོ་གནས་ལས་ དགོངས་ཞུ་འབད་དགོ་པའི་ གནད་དོན་དེ་ ཤེས་རྟོགས་བྱུང་མ་ཚུགས་ཟེར་ཨིན་པས།
དྲགོས་གནས་བརྟན་བཟང་མོ་གིས་ འབྲུག་ཀུན་མཉམ་ཚོགས་པའི་ གཙོ་འཛིན་འོག་མ་དང་ ཚོགས་པ་གཞི་བཙུགས་འབད་མི་ བསོད་ནམས་སྟོབས་རྒྱས་ལས་ སྤྱི་ལོ་༢༠༡༧ གྱི་ཟླ་༥ པའི་ནང་ གཙོ་འཛིན་གྱི་ འགན་ཁུར་ལེན་ནུག།
གནས་བརྟན་བཟང་མོ་གིས་ གཙོ་འཛིན་གྱི་ འགན་ཁུར་ལས་ དགོངས་ཞུ་འབད་རུང་ ཚོགས་པའི་འཐུས་མི་སྦེ་ ལྷག་བསམ་རྣམ་དག་གི་སྒོ་ལས་ སྡོད་འོང་ཟེར་ ཞུ་ཡིག་ནང་ བཀོད་ཡོད་པའི་ཁར་ སྤྱི་ལོ་༢༠༡༨ ཀྱི་བཙག་འཐུ་ནང་ལས་ ཚོགས་པ་གིས་ གལ་གནད་ཅན་གྱི་ ཉམས་མྱོང་ཐོབ་མི་ཚུ་ ལག་ལེན་འཐབ་སྟེ་ སྤྱི་ལོ་༢༠༢༣ གྱི་བཙག་འཐུ་ནང་ ཚོགས་པ་སྒྲིང་སྒྲི་བཟོ་སྟེ་ ངེས་པར་དུ་ བཙག་འཐུ་འགྲུབ་དགོ་ཟེར་ བཀོད་ནུག།
མ་གཞི་ འགོ་ཐོག་བཙག་འཐུ་ནང་ སྲིད་དོན་ཚོགས་པ་ཚུ་གིས་ ཚོགས་རྒྱན་བརྒྱ་ཆ་༡༠ འཐོབ་དགོཔ་ཨིན་རུང་ འབྲུག་ཀུན་མཉམ་ཚོགས་པ་གིས་ ཚོགས་རྒྱན་༢༨,༤༧༣ འབདཝ་ད་ བརྒྱ་ཆ་༩.༧༨ ལས་བརྒལ་ ཐོབ་མ་ཚུགས་མི་ལུ་ དྲགོས་གནས་བརྟན་བཟང་མོ་གིས་ སེམས་ཕམ་བྱུང་བའི་ གཞི་གནད་ཅིག་སྦེ་ བཀོད་དེ་འདུག།
དགོངས་ཞུའི་ཡི་གུ་ནང་ འདེམས་ཁོངས་༤༧ ནང་ལས་ འདེམས་ཁྲི་ཕུད་རྡོག་གཅིག་ཡང་ རྒྱལ་ཁ་ཐོབ་མ་ཚུགས་མི་ལུ་བརྟེན་ གྲུབ་འབྲས་ལེགས་ཤོམ་ འཐོན་མ་ཚུགས་ཟེར་ བཀོད་ཡོདཔ་ཨིན་པས།
མོ་གིས་ ཚོགས་པའི་འགན་འཁྲི་དང་ འགན་ཁུར་ཚུ་ ཧྲིལ་བུམ་སྦེ་ར་ ཧ་གོ་ཡོདཔ་མ་ཚད་ མོ་ར་ ངོ་རྐྱང་ཐོག་ལས་ ཚོགས་པའི་གཞི་རྩ་དང་ ལྟ་བ་དེ་ གལ་གནད་ཅན་ཅིག་སྦེ་ བརྩི་མཐོང་བསྐྱེད་མི་ལུ་བརྟེན་ གཙོ་འཛིན་རང་ལུ་ གསང་བའི་འགན་ཁུར་ཡོདཔ་ལས་ རང་གི་ཁེ་ཕན་ལུ་མ་བལྟ་བར་ གཙོ་འཛིན་གྱི་གོ་གནས་ལས་ དགོངས་ཞུ་འབད་དོ་ཟེར་ ཡི་གུ་ནང་བཀོད་ནུག།
འབྲུག་ཀུན་མཉམ་ཚོགས་པ་གིས་ ལོ་༥ མེན་པར་ དེ་ལས་ལྷག་སྟེ་ རྒྱལ་ཁབ་རང་མགོ་རང་འདྲོངས་དང་ རང་དབང་ཅན་བཟོ་ཐབས་ལུ་ སྲིད་འབྲེལ་དང་ སྲིད་དོན་པ་ཚུ་ ངན་ལྷད་ནང་ ཞུགས་མ་བཅུག་པར་ ཚོགས་པའི་འཐུས་མི་ཚུ་གིས་ ཚོགས་པའི་ལྟ་བ་དང་ གཞི་རྩ་འགྲུབ་ནི་ལུ་ ག་དེ་དྲག་དྲག་རྩ་འགེངས་ཏེ་ ལཱ་འབད་ཡི་ཟེར་ དགོངས་ཞུ་ཡི་གུ་ནང་ བཀོད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *