དྭངས་གསལ་ཅན་དགོ་ནི།

༉ ད་རེས་ནངས་པར་ ཞི་གཡོག་དང་ རྩ་ཁྲིམས་ཅན་གྱི་གཙུག་སྡེ་ དེ་ལས་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་འཛིན་གྱི་འོག་ལུ་ཡོད་མི་ ལས་སྡེ་ཁག་སོ་སོའི་ནང་ གཞི་བསྒྱུར་གྱི་དོན་ལས་ མི་སྟོབས་ཀྱི་ ལྕོགས་གྲུབ་དང་ འཇོན་ཐངས་ ལས་འབྲེལ་གྱི་ གྲུབ་འབྲས་ཚུ་ བརྟག་ཞིབ་འབད་བཞིན་དུ་ཡོད་པའི་ ནམ་དུས་ལུ་ ལས་གཡོགཔ་ཚུ་ཡང་ གཅིག་ཤུལ་གཉིས་ཤུལ་སྦེ་ དགོངས་ཞུ་འབད་དེ་འགྱོ་བའི་ གནས་ཚུལ་གོཝ་མས།

ལས་བྱེདཔ་ཚུ་གི་ནང་ལས་ དམིགས་བསལ་དུ་ ཕྱི་རྒྱལ་ལུ་ ལཱ་གཡོག་གི་ གོ་སྐབས་འཚོལ་བར་འགྱོ་མི་ ཞི་གཡོགཔ་ཚུ་ དགོངསམ་ཞུ་མིའི་ རྒྱུ་རྐྱེན་ཅིག་ དུས་ཅིའི་ལོ་སྔ་ཆ་ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ བཀོད་ཁྱབ་གནས་རིམ་གྱི་ འགོ་དཔོན་༤༦ དགོངས་ཞུ་བཏང་པའི་ཤུལ་ལས་ ཞི་གཡོགཔ་ཚུ་གི་ ལཱ་གཡོག་ངེས་མེད་དང་ ཉེན་སྲུང་མེད་པའི་ ཚོར་སྣང་བྱུང་མི་ལུ་བརྟེན་ཨིན་མས།

དེ་མ་ཚད་ གཞི་བསྒྱུར་བྱ་རིམ་གྱི་ཐོག་ལས་ ཞི་གཡོགཔ་སྟོང་ཕྲག་༡༡ ལྷགཔ་ཅིག་ དགོངས་ཞུ་གཏང་ནི་མས་ཟེར་བའི་ འཐོར་གཏམ་དར་ཁྱབ་འགྱོ་མི་དེ་གིས་ཡང་ ཚ་གྱང་དང་ འདྲོག་བྱེལ་འཐབ་དགོཔ་བྱུང་ཡོདཔ་བཞིན་དུ་ ལ་ལོ་ཅིག་ དགོངས་ཞུ་འབད་དགོཔ་སྦེ་ མ་སླབ་ལས་ར་ རང་སེམས་ཀྱིས་ཚོར་ཏེ་ དགོངས་ཞུ་འགྱོ་དོ་ཡོད་པའི་ ལོ་རྒྱུས་ཡང་གོཝ་མས།

ཞི་གཡོགཔ་ཚུ་ལུ་ འདི་བཟུམ་མའི་ དོགས་པ་དང་ འཇིགས་སྣང་ དེ་ལས་ ཉེན་སྲུང་མེད་པའི་ ཚོར་སྣང་བྱུང་མི་དེ་ གཙོ་བོ་ར་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ད་ལྟོ་འབད་བའི་བསྒང་ཡོད་མི་ གཞི་བསྒྱུར་གྱི་སྐོར་ལས་ དུས་མཐུན་སྙན་ཞུ་དང་ བརྡ་དོན་ཚུ་སྤྲོད་དེ་ དྭངས་གསལ་བཟོ་ནི་ མེད་མི་ལུ་བརྟེན་ཨིན་མས།

གཞི་བསྒྱུར་དང་ གྲོས་ཐག་ག་ཅི་ར་བཅད་རུང་ དྭངས་གསལ་སྦེ་ མ་འབད་བ་ཅིན་ མི་མང་ལུ་ གོ་བ་བརྡ་ལོག་བྱུང་སྟེ་ དོན་མེད་ཀྱི་ སྤྱགས་སྡུག་འཐབ་བཅུག་ནི་དང་ དགའཝ་མ་དགའཝ་བཟོ་ནི་གི་ ཉེན་ཁ་སྦོམ་ཡོད།

ད་ཚུན་གྱི་བར་ན་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ གཞི་བསྒྱུར་གྱི་སྐོར་ལས་ བརྡ་བརྒྱུད་དང་ བརྗེ་སོར་མ་འབདཝ་ལས་ མི་མང་ལུ་ བརྡ་སྤེལ་མ་ཚུགས་པའི་ གདོང་ལེན་བྱུང་སྟེ་ཡོད་པའི་ཁར་ ཐ་ན་ ངན་ལྷད་དང་འབྲེལ་བའི་ བརྡ་དོན་ཚུ་ཡང་ བཀག་ཆ་འབད་དེ་ཡོདཔ་ལས་ བརྡ་བརྒྱུད་ཀྱིས་ ངན་ལྷད་སྔོན་འགོག་འབད་ནི་ལུ་ ལྷན་ཐབས་འབད་མ་ཚུགས་པར་ཡོདཔ་ཨིན།

དཔེར་ན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་༢ ཀྱི་བར་ན་ མཉམ་འབྲེལ་ཐོག་ ལཱ་འབད་ནི་སྦེ་ གོ་བརྡའི་ཆིངས་ཡིག་གུ་ མིང་རྟགས་བཀོད་ཞིནམ་ལས་ཚུར་ བརྡ་བརྒྱུདཔ་ཚུ་གི་ ཁ་བསུབས་བཞག་སྟེ་ བརྡ་དོན་ག་ནི་ཡང་ བྱིན་ནི་མེདཔ་ བཟོ་མི་དེ་ རྩ་ཁྲིམས་ཆེན་མོ་གིས་ མི་མང་ལུ་ གནས་ཚུལ་གྱི་ ཐོབ་དབང་དང་ བསམ་བཤད་འབད་ནིའི་ གཞི་རྟེན་ཐོབ་དབང་བྱིན་མི་ལས་ འགལ་བ་ཨིན་མས།

རྩ་ཁྲིམས་ཅན་གྱི་ གཙུག་སྡེ་༢ ཀྱིས་ བརྡ་བརྒྱུད་ལུ་ གནས་ཚུལ་བརྗེ་སོར་མི་འབད་ནི་སྦེ་ ཐག་བཅད་ཡོད་པ་ཅིན་ དྭངས་གསལ་གྱི་དོན་ལུ་ མི་མང་གསལ་བསྒྲགས་འབད་དགོ་མི་དེ་ཡང་ ངན་ལྷད་སྔོན་འགོག་དང་ འཇོམས་ཐབས་བསྒྲིག་ནི་ དེ་ལས་ རྩ་ཁྲིམས་ཆེན་མོའི་ནང་གསལ་ལྟར་ མི་ངོ་ག་ར་ལུ་ དྲང་ཁྲིམས་གོང་དུ་བཀུར་ནི་དང་ ངན་ལྷད་ཀྱི་ ཟློག་ཐབས་བསྒྲིག་ནི་ལུ་ ང་བཅས་ག་ར་ལུ་ གཞི་རྟེན་འགན་ཁུར་ཡོད་མི་ལུ་བརྟེན་ཨིན།

གལ་སྲིད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ངན་ལྷད་དང་འབྲེལ་བའི་ བརྡ་དོན་ཚུ་ གསང་བཞག་པ་ཅིན་ ངན་ལྷད་མར་ཕབ་འབད་ནི་ཕར་བཞག་ ཧེང་སྐལ་ར་ ཁྱབ་ཆེ་དྲགས་འབྱུང་ནི་ཨིནམ་ལས་ དེ་གིས་ མི་སེར་གྱི་ རེ་འདོད་དང་ དགོས་མཁོ་ཚུ་ བསྒྲུབ་ནི་དང་ དྭངས་གསལ་དང་ འགན་འཁྲི་ཅན་གྱི་ གཞུང་སྐྱོང་འཕེལ་རྒྱས་གཏང་ནི་ལུ་ ཐོ་ཕོག་འོང་།

སྲུང་སྐྱོབ་དང་འབྲེལ་བའི་ གནད་དོན་ཚུ་གི་ཐད་ལུ་ལྷདཔ་ད་ བརྡ་བརྒྱུད་ཀྱིས་ ལེགས་ཤོམ་སྦེ་ ཧ་གོ་དོ་ཡོདཔ་ལས་ གནད་དོན་དེ་གི་སྐོར་ བྲིས་སྤེལ་འབད་ནིའི་ མནོ་བསམ་མེད་རུང་ མི་མང་གིས་ ཤེས་དགོ་པའི་ བརྡ་དོན་ཚུ་ སྤེལ་ཐོག་ལས་ དྭངས་གསལ་བཟོ་བ་ཅིན་ ད་རེས་བཟུམ་སྦེ་ གདོང་ལེན་བྱུང་དགོཔ་མེད།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *