༉ གཞལམ་སྒང་རྫོང་ཁག་ ནང་སྐོར་རྒེད་འོག་ དྭགས་འཕེལ་གཡུས་ཚན་ནང་ དྭགས་འཕེལ་ཨམ་སྲུ་ཚོགས་པ་གིས་ ཡུང་སྒ་འཛུགས་སྐྱོང་འབད་དེ་ ཚོང་འབྲེལ་འཐབ་དོ་ཡོདཔ་བཞིན་དུ་ ཚོང་ལམ་ཡང་ ལེགས་ཤོམ་སྦེ་ར་ འགྱོ་དོ་ཡོདཔ་ཨིན་པས།
ཨིན་རུང་ སྡེ་ཚན་དེ་ལུ་ ཡུང་སྒ་འཛུགས་སྐྱོང་འབད་སའི་ ས་ཆ་ལངམ་སྦེ་ མེད་མི་ལུ་བརྟེན་ དཀའ་ངལ་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ལས་ མཁོ་འདོད་ཚུ་ སྒྲུབ་མི་ཚུགས་དོ་ཡོདཔ་ཨིན་པས།
སྡེ་ཚན་དེ་གིས་ ད་རེས་ དྭགས་འཕེལ་ལྷ་ཁང་གི་ ཡོ་བྱད་ཨིན་མི་ ས་ཆ་ཨེ་ཀར་༢ ནང་ ཡུང་སྒ་ཚུ་ འཛུགས་སྐྱོང་འབད་དོ་ཡོདཔ་ད་ ཡུང་སྒ་ཚུ་ བརྐོ་བའི་ཤུལ་ལུ་ སྐམ་ཞིནམ་ལས་ ཕྱེ་བཟོ་སྟེ་ བཙོང་དོ་ཡོདཔ་ཨིན་པས།
ཧེ་མ་འབད་བ་ཅིན་ ད་ལྟོ་འཛུགས་སྐྱོང་འབད་མི་ ཞིང་དེ་དང་གཅིག་ཁར་ སྒེར་གྱི་ས་ཆ་ཨེ་ཀར་༢ ཡང་ གླ་ཁར་ལེན་ཐོག་ལས་ འཛུགས་སྐྱོང་འབད་ཡོདཔ་ཨིན་རུང་ ས་ཆ་དེ་ ཇོ་བདག་གིས་ ལེན་འབག་ཡོདཔ་ཨིན་པས།
ཨམ་སྲུ་ཚོགས་པའི་ཁྲི་འཛིན་ སྐྱེས་ལོ་༤༣ ལང་མི་ སངས་རྒྱས་ལྷ་སྒྲོན་གྱིས་ བཤད་མིའི་ནང་ འཐུས་མི་ཚུ་ལུ་ རང་སོའི་ས་ཆ་མེདཔ་ལས་ གཞུང་ས་ཅིག་ གླ་ཁར་ལེན་ཏེ་ འཛུགས་སྐྱོང་འབད་ནིའི་ གོ་སྐབས་འཐོབ་པ་ཅིན་ བྱ་སྟབས་བདེ་ནི་མས་ཟེར་ཨིན་པས།
ད་ལྟོ་ སྡེ་ཚན་དེ་ལུ་ མཛོད་ཁང་ཟེར་རུང་ ཡུང་སྒ་ཕྱེ་འཐག་ས་དང་ སྒམ་རྐྱབ་ས་ཟེར་རུང་ ཁང་མིག་ཆུང་ཀུ་ཅིག་ཡོདཔ་ད་ དེ་ཡང་ སྒེར་གྱི་ས་ཆ་ནང་ རྐྱབ་ཡོདཔ་ལས་ སྤོ་དགོཔ་སྦེ་ སླབ་མས་ཟེར་ ཁྲི་འཛིན་གྱིས་ བཤདཔ་ཨིན་པས།
ཁང་མིག་དེ་ཡང་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱི་ རྒྱབ་སྐྱོར་ཐོག་ལས་ རྐྱབ་ནུག།
སངས་རྒྱས་ལྷ་སྒྲོན་གྱིས་ སླབ་མིའི་ནང་ ད་རེས་ སྡེ་ཚན་དེ་གིས་ ཡུང་སྒའི་མཁོ་འདོད་ཚུ་ སྒྲུབ་མ་ཚུགས་མི་དེ་ ཁོང་གིས་ ལཱ་རྩ་འགེངས་ཏེ་ མ་འབད་མི་ལུ་ བརྟེན་ཏེ་མེན་པར་ གཙོ་བོ་ར་ ས་ཆ་མ་ལང་པའི་ དཀའ་ངལ་ལུ་བརྟེན་ཏེ་ར་ ཨིན་ཟེར་ཨིནམ་ད་ ད་ལས་ཕར་ ཁོང་རའི་གཡུས་ཚན་གྱི་ ཉེ་འདབས་ལས་ཕར་ གཞུང་ས་སྟོངམ་ ཡོད་མེད་བལྟ་ཐོག་ལས་ གཞུང་ལས་ གླ་ཁར་ལེན་ནིའི་ མནོ་བསམ་བཏང་དོ་ཟེར་ཨིན་པས།
མ་གཞི་ གཡུས་ཚན་ལས་ ཐག་རིང་སར་ལས་ཕར་ གཞུང་ས་ཡོདཔ་ཨིན་རུང་ འཐུས་མི་ཚུ་ལུ་ དཀའ་ངལ་འབྱུང་ནི་མས་ཟེར་སླབ་སྟེ་ ལཱ་འབད་བར་འགྱོ་ནི་ལུ་ ཁས་མི་ལེན་པས་ཟེར་ སངས་རྒྱས་ལྷ་སྒྲོན་གྱིས་ སླབ་ཨིན་པས།
མོ་གིས་འབད་བ་ཅིན་ མ་གཞི་ གཞུང་དང་ གཞུང་མིན་ལས་སྡེ་ཚུ་གིས་ འཕྲུལ་ཆས་དང་ མ་དངུལ་གྱི་རྒྱབ་སྐྱོར་ཚུ་ ལེ་ཤ་ཅིག་ར་ གནང་སྟེ་ཡོདཔ་ཨིན་རུང་ ས་ཆ་མ་ལང་པའི་ དཀའ་ངལ་ལུ་བརྟེན་ ཐོན་སྐྱེད་ཡར་སེང་འབད་མ་ཚུགས་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།
སངས་རྒྱས་ལྷ་སྒྲོན་གྱིས་ བཤད་མི་དང་འཁྲིལཝ་ད་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་དང་ འབྲུག་རྒྱལ་ཡོངས་ཨམ་སྲུ་ཚོགས་སྡེ་ དེ་ལས་ ཚོང་འབྲེལ་ལས་ཁུངས་ཚུ་གིས་ རྒྱབ་སྐྱོར་སྦོམ་སྦེ་ར་ གནང་སྟེ་ཡོདཔ་བཞིན་དུ་ དེ་གིས་ ད་ལྟོ་ཚུན་ གཡུས་སྒོ་ནང་ མི་སྡེའི་དཔལ་འབྱོར་གོང་འཕེལ་ལུ་ ཕན་ཐོགས་སྦོམ་སྦེ་ར་ བྱུང་སྟེ་ཡོད་ཟེར་ཨིན་པས།
ཡུང་སྒ་དེ་ཡང་ ནང་པའི་སྨན་བཟོ་ཁང་དང་ བ་ཡོ་བུ་ཊཱན་ལས་སྡེ་ཚུ་གིས་ ཉོ་དོ་ཡོདཔ་ད་ ཧེ་མ་འབད་བ་ཅིན་ ཡུང་སྒའི་ར་ཏོག་ཚུ་ བརྐོ་བའི་ཤུལ་ལུ་ སྐམ་ཞིནམ་ལས་ བཙོང་དོ་ཡོདཔ་ཨིན་རུང་ ད་རེས་ སྡེ་ཚན་དེ་ལུ་ ཕྱེ་འཐག་ནིའི་ འཕྲུལ་ཆས་ཡོདཔ་ལས་ མང་ཤོས་ཅིག་ ཕྱེ་བཟོ་སྟེ་ བཙོང་དོ་ཡོདཔ་ཨིན་པས།
སྡེ་ཚན་དེ་ལུ་ རྒྱས་ཡོངས་ཨམ་སྲུའི་ལྷན་ཚོགས་ཀྱིས་ འཕྲུལ་གླང་པ་ཝར་ཊི་ལར་ཅིག་ཡང་ གནང་སྟེ་ཡོདཔ་ད་ དེ་གིས་ ཞིང་རྨོ་ནིའི་དོན་ལུ་ ཕན་ཐོགས་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས།
སྡེ་ཚན་གྱི་ འཐུས་མི་ཚུ་གིས་ ས་ཁོངས་དེ་ནང་ ཡུང་སྒ་བཙུགས་ནི་ལས་ འགོ་བཙུགས་ཏེ་ བརྐོ་ཞིནམ་ལས་ ཕྱེ་འཐག་ནི་ཚུན་གྱི་ལཱ་ཚུ་ ཆད་ནི་མེད་པར་ འབད་དོ་ཡོདཔ་བཞིན་དུ་ ལོ་བསྟར་བཞིན་དུ་ ཁེ་སང་ཚུ་ བགོ་བཤའ་རྐྱབ་དོ་ཡོདཔ་ཨིན་པས།
སངས་རྒྱས་ལྷ་སྒྲོན་གྱིས་ སླབ་མིའི་ནང་ སྡེ་ཚན་དེ་གིས་ ལཱ་རྩ་འགེངས་ཏེ་ འབད་དོ་ཡོདཔ་བཞིན་དུ་ ད་ལྟོ་ སྡེ་ཚན་གྱི་མ་དངུལ་ དངུལ་ཁང་ནང་ དངུལ་ཀྲམ་འབུམ་༡ ལས་ཉུང་སྟེ་ བཞག་ནི་མེད་ཟེར་ཨིནམ་ད་ དེ་གི་ལྷག་ལུས་དེ་ འཐུས་མི་ཚུ་ལུ་ བགོ་བཤའ་རྐྱབ་སྟེ་ སྤྲོདཔ་ཨིན་ཟེར་ཨིན་པས།
ཚོགས་པའི་འཐུས་མི་ སྐྱེས་ལོ་༣༠ ལང་མི་ པདྨ་ཆོས་སྐྱིད་ཀྱིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཁོང་ལུ་ དངུལ་ཐོག་ག་ཅི་ཡང་ མེད་ནི་དེ་གིས་ ཏི་རུའི་དཀའ་ངལ་བྱུང་ཡོདཔ་ཨིན་རུང་ ད་ལས་ཕར་ ཡུང་སྒ་བཙོང་སྟེ་ཐོབ་མི་ ཏི་རུ་དེ་གིས་ ཕན་ཐོགས་སྦོམ་སྦེ་ར་ བྱུངམ་མས་ཟེར་ཨིན་པས།
མོ་གིས་ བཤད་མིའི་ནང་ ཁེ་སང་དེ་ཡང་ ཨ་ལོ་ཚུ་ སློབ་གྲྭ་ནང་ ལོག་འགྱོ་རན་པའི་བསྒང་ལུ་ བགོ་བཤའ་རྐྱབ་ནི་ཡོདཔ་ལས་ ཉོ་ཚོང་རྐྱབ་ནི་ལུ་ ཕན་ཐོགས་སྦོམ་སྦེ་ར་ བྱུངམ་མས་ཟེར་ཨིན་པས།
མོ་གིས་ བཤད་མིའི་ནང་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་༡༠,༠༠༠ ལས་༡༥,༠༠༠ རེ་ བགོ་བཤའ་རྐྱབ་ཚུགས་དོ་ཡོདཔ་ལས་ དངུལ་གྱི་ཕན་ཐོགས་ སྦོམ་སྦེ་ར་ བྱུང་སྟེ་ཡོད་ཟེར་ཨིན་པས།
འཐུས་མི་གཞན་ སྐྱེས་ལོ་༤༠ ལང་མི་ དཀར་གདུང་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ གཡུས་མི་ཚུ་ ས་གནས་གཞན་ཁ་ལས་ཕར་ གླ་བཏགས་པར་སོང་སྟེ་ སློབ་ཕྲུག་ཨ་ལོ་ཚུ་ལུ་ ཟད་འགྲོ་གཏང་དགོཔ་ཐོན་རུང་ ད་རེས་ ཡུང་བ་འཛུགས་སྐྱོང་ལུ་བརྟེན་ གླ་བཏགས་པར་ཡང་ འགྱོ་ནི་མེད་ཟེར་ཨིན་པས།
ཡུང་སྒ་ཚུ་ སྤྱི་ཟླ་༣ པའི་ནང འཛུགས་སྐྱོང་འབད་དེ་ སྤྱི་ཟླ་༡༢ པའི་ནང་ བསྡུ་དོ་ཡོདཔ་ཨིན་པས།
ཡུང་སྒ་ཚུ་ རྫས་སྦྱོར་ག་ནི་ཡང་ ལག་ལེན་མ་འཐབ་པར་ འཛུགས་སྐྱོང་འབད་དོ་ཡོདཔ་ད་ བསྡུ་བའི་སྐབས་ འཐུས་མི་ཚུ་དང་གཅིག་ཁར་ སློབ་ཕྲུག་ཨ་ལོ་ཚུ་ལུ་ གནས་སྐབས་ཀྱི་ ལཱ་གཡོག་གི་ གོ་སྐབས་བཟོ་སྟེ་ སྤྲོདཔ་ཨིན་ཟེར་ཨིན་པས།
སྤྱི་ལོ་༢༠༡༦ ལུ་ ཡུང་སྒ་ཀེ་ཇི་༦༠༠ དེ་ཅིག་ ཐོན་སྐྱེད་འབད་ཡོདཔ་ད་ དུས་ཅི་འབད་བ་ཅིན་ ཀེ་ཇི་༨༠༠ དེ་ཅིག་ ཐོན་སྐྱེད་འབད་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ སངས་རྒྱས་ལྷ་སྒྲོན་གྱིས་ སླབ་ཨིན་པས།
དེ་བཟུམ་སྦེ་ སྡེ་ཚན་དེ་གིས་ ཡུང་སྒ་སྐམ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༠༠ རེ་སྦེ་ བཙོང་ཡོདཔ་ཨིན་རུང་ དུས་ཅི་ལས་ དངུལ་ཀྲམ་༢༠༠ རེ་སྦེ་ བཙོང་ནི་དང་ དེ་ཡང་ ཐོན་སྐྱེད་ཀྱི་ཟད་འགྲོ་ཚུ་ ཡར་སེང་སོང་མི་ལུ་ བརྟེན་ཨིན་པས།
དེ་བཟུམ་སྦེ་ ཕྱེ་འཐགས་ཏེ་ བཙོང་པའི་སྐབས་ ཕྱེ་ག་རམ་༡༠༠ ལུ་ དངུལ་ཀྲམ་༨༠ ཐོབ་དོ་ཡོདཔ་ཨིན་པས།
སྡེ་ཚན་དེ་གིས་ ཤུགས་ཡུང་སྒ་ལུ་ བཏོན་དོ་ཡོདཔ་ཨིན་རུང་ ས་སྒ་ཚུ་ཡང་ འཛུགས་སྐྱོང་འབད་དེ་ ཕྱེ་འཐགས་ཞིནམ་ལས་ བཙོང་དོ་ཡོདཔ་ཨིན་པས།
དྭགས་འཕེལ་ཨམ་སྲུ་ཚོགས་པ་དེ་ སྤྱི་ལོ་༢༠༠༧ ལུ་ འབྲུག་ རྒྱལ་ཡོངས་ཨམ་སྲུ་ཚོགས་སྡེ་གིས་ གཞི་བཙུགས་འབད་ཡོདཔ་ད་ ད་རེས་ འཐུས་མི་༡༡ ཡོདཔ་ཨིན་པའི་གནས་ཚུལ།
གཞལམ་སྒང་ལས་ ཉི་མ་དབང་འདུས།