༉ ལྷུན་རྩེ་ བཙན་མཁར་རྒེད་འོག་ དོམ་མཁར་གཡུས་ཚན་གྱི་ མི་སེར་སོ་ནམ་པ་ཚུ་གིས་ དུས་ཅི་ལས་ ཆུ་ཞིང་ཨེ་ཀར་༡༠༠ལས་བཅད་དེ་ ལྕང་ལཱ་རྐྱབ་ནིའི་ རེ་བ་བསྐྱེདཔ་ཨིན་པས།
འདས་པའི་ལོ་བཅུ་ཕྲག་གི་རིང་ དོམ་མཁར་ལུ་ ཞིང་ཆུ་ལངམ་སྦེ་ མེད་ནི་དེ་གིས་ ཆུ་ཞིང་དུམ་གྲ་རེ་ བཟའ་སྤྱོད་འབད་ཡོདཔ་མ་གཏོགས་ མང་ཤོས་ར་ སྟོངམ་སྦེ་ལུས་ཡོདཔ་ཨིན་པས།
ཨིན་རུང་ རྒེད་འོག་བདག་སྐྱོང་དང་ རྫོང་ཁག་སོ་ནམ་སྡེ་ཚན་གྱིས་ ཆུ་གཡུར་བཏོན་ནིའི་དོན་ལུ་ ལོ་ལྔའི་འཆར་གཞི་ནང་བཙུགས་ཏེ་ སོ་ནམ་ལྷན་ཁག་ལས་ མ་དངུལ་གྱི་ རྒྱབ་སྐྱོར་ཐོབ་ཡོདཔ་ཨིན་པས།
རྒེད་འོག་སོ་ནམ་རྒྱ་བསྐྱེད་ལས་རོགསཔ་ ཕུརཔ་འཕྲིན་ལས་ཀྱིས་ སླབ་མིའི་ནང་ རྒེད་འོག་ནང་མ་ཚད་ རྫོང་ཁག་ནང་ཡང་ ཆུ་ཞིང་རྒྱ་སྦོམ་སྦེ་ བཟའ་སྤྱོད་འབད་མི་དེ་ དོམ་མཁར་གཡུས་ཚན་ཨིནམ་ལས་ ཨ་རིང་ཚུ་ རྒྱ་སྦོམ་བཟོ་ཐབས་ལུ་ དུས་ཅི་ སྤྱི་ཟླ་༣ པ་ལས་ ལཱ་འགོ་བཙུགས་ཡོདཔ་བཞིན་དུ་ ད་ཚུན་གྱི་བར་ན་ ཆུ་ཞིང་ཨེ་ཀར་༨༠ལྷགཔ་ཅིག་ བཟོ་བཅོས་འབད་ཚར་ཡི་ཟེར་ཨིན་པས།
རྫོང་ཁག་སོ་ནམ་སྡེ་ཚན་གྱིས་ འགོ་འདྲེན་ཐོག་ལས་ ཆུ་ཞིང་དེ་གི་དོན་ལུ་ ལྕང་ལཱ་རྐྱབ་ད་ ཆུ་ལངམ་སྦེ་བྱིན་ཐབས་ལུ་ ཀི་ལོ་མི་ཊར་ཕྱེད་དང་༩ དེ་ཅིག་ནང་ཡོད་མི་ ཕ་ཝང་གཙང་ཆུ་ནང་ལས་ ཆུ་དུང་ལག་ལེན་འཐབ་སྟེ་ གཡུས་མགོ་ཚུན་ བཏོན་ཏེ་ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༡༦ ཟླཝ་༡༠ པའི་ནང་ ཆུ་གཡུར་བཟོ་སྐྲུན་གྱི་ལཱ་ འགོ་བཙུགས་མི་དེ་ དུས་ཅི་ སྤྱི་ཟླ་༥ པའི་ནང་ མཇུག་བསྡུ་ཡོདཔ་བཞིན་དུ་ ད་རེས་ནངས་པར་ གཡུས་མི་སྡེ་ཚན་ཅིག་གིས་ ཆུ་གཡུར་གསརཔ་བཏོན་ནིའི་ལཱ་ཚུ་ འབད་བའི་བསྒང་ཨིན་པས།
སྐྱེས་ལོ་༥༥ ལང་མི་ ཚེ་བརྟན་རྡོ་རྗེ་གིས་ སླབ་མིའི་ནང་ གུང་པ་༥༦ ལུ་ ཆུ་ཞིང་ལངམ་སྦེ་ཡོད་རུང་ འདས་པའི་༡༠ལས་འགོ་བཙུགས་ ལོ་བསྟར་བཞིན་དུ་ ཆུ་སྐམ་འགྱོ་ནི་དེ་གིས་ ལྕང་ལཱ་རྐྱབ་ནི་ལུ་ ཆུ་ལང་མ་ཚུགསཔ་ལས་ བཟའ་སྤྱོད་འབད་མ་ཚུགས་པར་ ཞིང་ཕྱེད་ཀ་ཅིག་ སྟོངམ་སྦེ་བཞག་དགོཔ་ཐོན་ཡི་ཟེར་ཨིན་པས།
ཨ་ལོ་༡ གི་ཨ་པ་ཨིན་མི་ རབ་རྒྱས་ཀྱིས་ སླབ་མིའི་ནང་ སོ་ནམ་ལྷན་ཁག་གི་ རྒྱབ་སྐྱོར་ཐོག་ལས་ ཆུ་ཞིང་ཚུ་ རྒྱ་བསྐྱེད་འབད་ཡོདཔ་ལས་ ད་ལས་ཕར་ ལྕང་ལཱ་རྐྱབ་སྟེ་ དབུལ་ཕོངས་ཀྱི་དཀའ་ངལ་ སེལ་ཚུགས་ནི་མས་ཟེར་ཨིན་པས།
རྒྱ་གར་གཞུང་གིས་ དངུལ་ཀྲམ་ས་ཡ་༤༣ རྒྱབ་སྐྱོར་འབད་མིའི་ཐོག་ལས་ ཞིང་ཆུ་བཏོན་ཡོདཔ་ ཨིན་པའི་གནས་ཚུལ།
དོམ་མཁར་ལས་ བཀྲིས་ཕུན་ཚོགས།