དོམ་༤ གིས་ ལྷ་ཡུལ་སྤྱི་འོག་གི་ གེ་ཟ་ཞིང་ཚུ་ནང་ གནོདཔ་བཀལ་བཞིན་དུ་ཡོདཔ།

༉ སྤྱི་ཟླ་༨ པའི་ཚེས་༡༨ ལུ་ ནགས་ཚལ་འགོ་དཔོན་དང་ སྒོ་ནོར་དྲུང་འཚོ་ཚུ་ཡོད་པའི་ སྡེ་ཚན་ཅིག་གིས་ ཆུ་འཛོམས་ལྷ་ཡུལ་སྤྱི་འོག་ནང་ ལ་དོམ་ཉེན་སྐྱོབ་འབད་བར་ སོང་ཡོདཔ་ཨིན་པས།
ཨིན་རུང་ ས་གནས་ནང་ལྷོདཔ་ད་ ལ་དོམ་ཨའི་དང་ ཕྱུག་གུ་༢ སྙན་ཞུ་དང་འཁྲིལ་ གློག་ཐག་རྭཝ་ནང་ ཚུད་ཡོདཔ་མེན་པར་ ལ་དོམ་ཚུ་ ཉེ་འདབས་ཀྱི་ནགས་ཚལ་ནང་ལས་ ཞིང་ནང་ གེ་ཟ་བཟའ་བར་ འོང་དོ་ཡོད་པའི་སྐོར་ལས་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།
འཕྲལ་འཕྲལ་སྐབས་ དོམ་དེ་གིས་ ཞག་ཡང་གཡུས་ཚན་དེ་ནང་ ཉལ་སྡོད་དོ་ཡོདཔ་ད་ ད་ལྟོ་འབདཝ་ད་ དོམ་དེ་གིས་ གེ་ཟ་བཟའ་སྡོད་དེ་ བདུན་ཕྲག་༣ ལང་ཡོདཔ་ཨིན་པས།
གཡུས་མི་ཚུ་གིས་ སླབ་མིའི་ནང་ གེ་ཟ་ལུ་གནོདཔ་བཀལ་མི་ དོམ་༤ ཡོད་ས་ལས་༢ སྦོམ་དང་༢ ཕྱུག་གུ་ཨིན་མས་ཟེར་ཨིནམ་ད་ དོམ་ཅིག་གིས་ གཡུས་མཇུག་གི་ གེ་ཟ་ཞིང་ནང་འཛུལ་ཏེ་ བཟའ་དོ་ཡོད་རུང་ ཨའི་དང་ཕྱུག་གུ་༢ ཀྱིས་ གཡུས་སྟོད་ལུ་ཡོད་པའི་ གེ་ཟ་ཞིང་ཚུ་ མེདཔ་བཏངམ་མས་ཟེར་ཨིན་པས།
གཡུས་མི་ཅིག་ཨིན་མི་ དོམ་ཚུ་ལུ་ གེ་ཟ་ཀེ་ཇི་༢༠༠ ལྷགཔ་ཅིག་ཤོར་མི་ ཊི་ཀ་རམ་ རི་མཱལ་གྱིས་ སླབ་མིའི་ནང་ གཡུས་ཁའི་མི་སེར་ཚུ་ ཚ་གྱང་ལང་སྟེ་ཡོད་ཟེར་ཨིནམ་ད་ ནགས་ཚལ་འགོ་དཔོན་ཚུ་གིས་ ཉེན་སྐྱོབ་འབད་ནི་དེ་ཨིན་རུང་ ད་ལྟོ་ དེ་སྦེ་ར་ ཞིང་ནང་ག་དགའཝ་སྦེ་ འཁྱམས་སྡོད་སར་ མཐོངམ་མས་ཟེར་ཨིན་པས།
ཊི་ཀ་རམ་གྱིས་ སླབ་མིའི་ནང་ ཁོང་གིས་ བདའ་གཏང་པར་འགྱོཝ་ད་ དོམ་ཚུ་ ཕྱོགས་སོ་སོར་ནང་ ཁ་སྟོར་འགྱོ་ནི་དེ་གིས་ ལོག་འོང་སྟེ་ གནོདཔ་མི་བཀལ་ག་མནོ་བའི་ ཚ་གྱང་ལང་སྟེ་ ག་ཅི་ཡང་ འབད་མི་ཤེས་པས་ཟེར་ཨིན་པས།
ཊི་ཀ་རམ་གྱིས་ གེ་ཟ་ཞིང་ནང་ རོ་ཁྱི་གཏང་ནི་འགོ་བཙུགས་ཡོདཔ་ད་ རོ་ཁྱི་ཧབ་པའི་སྐབས་ དོམ་ཚུ་བདའ་ནི་ལུ་ དུམ་གྲ་ཅིག་ ཕན་ཐོགས་དོ་ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ མི་སེར་སོ་ནམ་པ་ ལོག་ནཱཐ་ཨོ་ལི་ དྲོ་པའི་ཆུ་ཚོད་༥ ལུ་ ལོང་པའི་སྐབས་ དོམ་ཅིག་ ཁོ་གི་ཁྱིམ་གྱི་སྦོ་ལོགས་ཁར་ གེ་ཟ་བཟའ་སྡོད་སར་མཐོང་པའི་སྐབས་ ཁོ་གིས་ རྡོ་འཐུ་སྟེ་འདྲོག་བཅུགཔ་ད་ བྱོག་འགྱོ་ནི་མེན་པར་ དེ་སྦེ་ར་ ལྟ་སྡོདཔ་མས་ཟེར་ བཤདཔ་ཨིན་པས།
མོ་གིས་ སླབ་མིའི་ནང་ མ་གཞི་ དོམ་ཚུ་གིས་ གེ་ཟ་གླིང་སྦེ་ར་ ཟ་ཡོད་རུང་ དེ་བ་ལྷགཔ་ མི་ལུ་གནོདཔ་བཀལ་འོང་མནོ་བའི་ ཚ་གྱང་ཡོད་ཟེར་ཨིནམ་ད་ དེ་གི་ནང་ལས་ཡང་ སློབ་གྲྭ་ནང་འགྱོ་མི་ ཨ་ལོ་ཚུ་ལུ་ ཉེན་ཁ་སྦོམ་འདུག་ཟེར་ཨིནམ་ད་ མོ་གིས་ དཔེ་ཆ་ལྟ་མི་ མོ་རའི་བུ་ སློབ་གྲྭ་ནང་ལས་ སྐྱེལ་ལེན་འབད་དེ་ བདུན་ཕྲག་དག་པ་ཅིག་ ལང་ཡོདཔ་ཨིན་པས།
དོམ་ཚུ་ གློག་ཐག་རྭཝ་ནང་ ཚུད་དེ་མེད་པའི་སྐོར་ལས་ ཤེས་རྟོགས་བྱུང་བའི་ཤུལ་ལུ་ ནགས་ཚལ་གྱི་ ཉེན་སྐྱོབ་སྡེ་ཚན་དེ་ ཉིནམ་དེ་ལུ་ར་ ལོག་གཡུས་ཁར་ལྷོད་ཡོདཔ་ཨིན་པས།
ཚོགས་པ་ མོ་ན་རཐི་དཱ་ཧཱལ་གྱིས་ སླབ་མིའི་ནང་ དོམ་ཚུ་ གློག་ཐག་རྭཝ་ནང་ མ་ཚུད་པ་ཅིན་ ནགས་ཚལ་འགོ་དཔོན་སྡེ་ཚན་གྱིས་ཡང་ འབད་ཐབས་གཞན་ ག་ནི་ཡང་མེདཔ་ལས་ རིགཔ་འགྱིམ་དགོ་པའི་སྐོར་ལས་ ཉེན་བརྡ་འབད་ནི་རྐྱངམ་གཅིག་ ཨིན་མས་ཟེར་ཨིན་པས།
དོམ་ཚུ་གིས་ འདས་པའི་བདུན་ཕྲག་༣ གྱི་ནང་འཁོད་ལུ་ མི་སེར་སོ་ནམ་པ་༡༡ གི་ གེ་ཟ་ཞིང་ཚུ་ མེདཔ་བཏང་ཡོད་པའི་ཁར་ ད་ལྟོ་ཡང་ མེདཔ་བཏང་བཞིན་དུ་ཡོད་ཟེར་ ཚོགས་པ་གིས་ སླབ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *