དོན་སྨིན་ཅན་གྱི་ ལཱ་གཡོག་གནས་སྟངས་བཟོ་དགོཔ།

༉ གཞུང་གིས་ ཨཱསི་ཊེ་ལི་ཡ་ལུ་ ཤེས་ཡོན་སྦྱང་ནི་དང་འབྲེལ་ ལཱ་འབད་བར་འགྱོ་མི་ཚུ་གི་དོན་ལུ་ ཆ་རོགས་འབད་ནིའི་ ཐབས་ལམ་ཚུ་ ག་དེས་དྲག་དྲག་ བཏོན་ནི་ཨིན་ཟེར་མི་དེ་གིས་ འབྲུག་པའི་ན་གཞོན་དང་ ཁོང་རའི་ བཟའ་ཚང་ལེ་ཤ་ཅིག་ར་ བློ་བདེ་དགོཔ་བྱུང་ནུག།

འཕྲལ་ཁམས་ཅིག་ཁར་ ཕྱི་འབྲེལ་བློན་པོ་ རྟ་མགྲིན་རྡོ་རྗེ་དང་ ལས་གཡོག་བློན་པོ་ ཀརྨ་རྡོ་རྗེ་གིས་ ཐིམ་ཕུག་ལུ་སྦེ་ ཤེས་རིག་གྲོས་སྟོན་ལས་སྡེ་༥༠ ལྷགཔ་ཅིག་དང་གཅིག་ཁར་ གྲོས་འཛོམས་འཚོགས་པའི་སྐབས་ སྐྱོད་ཐམ་ཆ་མེད་འགྱོ་དགོ་པའི་སྐོར་ལས་ གསལ་བཤད་འབད་མིའི་ནང་ སྐྱོད་ཐམ་གྱི་ ཞུ་ཡིག་བཙུགས་མིའི་གྱངས་ཁ་ ཡར་སེང་སོང་མི་དང་ གྲོས་སྟོན་པ་ཚུ་གིས་ ཡིག་ཆ་ཚངམ་སྦེ་མ་བཙུགས་མི་ དེ་ལས་ མཐོ་རིམ་ཤེས་ཡོན་དང་ ཡང་ཅིན་ གཙུག་ལག་ཤེས་ཡོན་སྦྱང་མི་ཚུ་ལུ་ གོ་སྐབས་མངམ་བྱིན་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་མས།

གཞུང་གིས་ འབྲུག་མི་ཚུ་ ཨཱསི་ཊེ་ལི་ཡ་ལུ་ འགྱོ་ནི་ལས་ བཀག་ཆ་འབད་ནིའི་ འཆར་གཞི་འདུག་ཟེར་བའི་ འཐོར་གཏམ་ཁྱབ་སྤེལ་འགྱོ་མི་དེ་ལུ་ ཕྱི་འབྲེལ་བློན་པོ་གིས་ དོགས་སེལ་འབད་མིའི་ནང་ ཁོ་གིས་ ཨཱསི་ཊེ་ལི་ཡ་གཞུང་ལུ་ འབྲུག་མི་ཚུ་ ཤེས་ཡོན་ལས་རིམ་བརྒྱུད་དེ་ ཨཱསི་ཊེ་ལི་ཡ་ལུ་ ལཱ་འབད་བར་འགྱོ་མ་དགོ་པའི་ ཞུ་བ་འབད་ཡི་ཟེར་ཨིན་མས།

དེ་བཟུམ་སྦེ་ ཨཱསི་ཊེ་ལི་ཡ་ལུ་ ཤེས་ཡོན་སྦྱང་ནིའི་ ཞུ་ཡིག་བཙུགས་མི་ཚུ་གི་དོན་ལུ་ གཞུང་གིས་ འགན་ལེན་པ་འབད་ནིའི་སྐོར་ལས་ཡང་ ཨཱསི་ཊེ་ལི་ཡ་ལུ་གཞུང་ལུ་ གསོལ་འདེབས་ཕུལ་ཡི་ཟེར་ ཕྱི་འབྲེལ་བློན་པོ་གིས་ བཤདཔ་ཨིན་མས།

དེ་མ་ཚད་ བློན་པོ་གིས་འབད་བ་ཅིན་ གལ་སྲིད་ ངོ་རྐྱང་གིས་ སློབ་འཐུས་སྤྲོད་མ་ཚུགས་པ་ཅིན་ གཞུང་གིས་ སྤྲོད་ནི་ཨིན་རུང་ གདམ་ཁ་རྐྱབ་མི་ ས་གོ་ནང་རྐྱངམ་གཅིག་ཨིནམ་བཞིན་དུ་ ངོ་རྐྱང་དང་ གཞུང་གི་བར་ན་ གན་ཡིག་བཟོ་ནི་ཨིན་ཟེར་ཨིན་མས།

ཨཱསི་ཊེ་ལི་ཡ་ལུ་ ཤེས་ཡོན་སྦྱང་ནི་དང་འབྲེལ་ ལཱ་འབད་བར་འགྱོ་མི་ འབྲུག་མི་ཚུ་གི་དོན་ལུ་ ཨའེ་ཨི་ཨེལ་ཊི་ཨེསི་ཟེར་མི་ རྒྱལ་སྤྱི་ཨིང་ལིཤ་སྐད་ཡིག་བརྟག་དཔྱད་ལམ་ལུགས་དེ་ གལ་སྲིད་ ཨཱསི་ཊེ་ལི་ཡ་གཞུང་གིས་ དགོས་མཁོ་མེདཔ་སྦེ་བཟོ་བ་ཅིན་ འབྲུག་མི་ཚུ་གི་དོན་ལུ་ འཇམ་ཏོང་ཏོ་འོང་ནི་ཨིནམ་ད་ དེ་ཡང་ གཞུང་༢ ཀྱི་བར་ན་ བདེ་སྒྲིག་འབད་ནི་ཨིན་ཟེར་ བློན་པོ་གིས་ བཤདཔ་ཨིན་མས།

གཞུང་གིས་འབད་རུང་ རྒྱལ་ཁབ་ནང་ ལཱ་གཡོག་གི་གོ་སྐབས་ གང་མང་བཟོ་ནི་དང་གཅིག་ཁར་ དངུལ་ཕོགས་ཡང་ ལེགས་ཤོམ་སྦེ་ བྱིན་ནི་ཨིན་ཟེར་ཨིན་མས།

བློན་པོ་གིས་ བཤད་མིའི་ནང་ ཚ་གྱང་སྦོམ་ཤོས་དེ་ར་ རིག་རྩལ་ཅན་གྱི་ ན་གཞོན་ཚུ་ ཕྱི་ཁར་ཤོར་མི་དེ་ཨིནམ་ད་ དེ་ཡང་ ག་འཆརཔ་ཟེར་བ་ཅིན་ ང་བཅས་རའི་ མི་སྡེའི་ལམ་ལུགས་དང་ སྲིད་བྱུས་ཚུ་ལུ་ལྟཝ་ད་ འབྲུག་ལུ་ ལཱ་འབད་ནི་དེ་ འོས་འབབ་མེད་པའི་ ཚོར་སྣང་བྱུང་ནི་དེ་གིས་ཨིན་མས།

ད་ལྟོ་བཟུམ་ཅིག་བལྟ་བ་ཅིན་ ན་གཞོན་ཚུ་གིས་ རྒྱལ་ཁབ་ནང་ལས་ འཐོན་འགྱོ་ཐངས་ལུ་ལྟཝ་ད་ འབྲུག་ལུ་ མགྱོགས་པར་ར་ ལྕོགས་གྲུབ་ཅན་གྱི་ ན་གཞོན་ཚུ་ གངམ་མི་འོང་ནི་མས་ཟེར་ཨིན་མས།

གཞུང་གིས་འབད་བ་ཅིན་ ལཱ་གཡོག་གི་དཀའ་ངལ་བསལ་ནི་དང་ ཡང་ཅིན་ གཏོང་དངུལ་དེ་ར་ཡོད་པ་ཅིན་ འབྲུག་མི་ ཨཱསི་ཊེ་ལི་ཡ་ལུ་འགྱོ་ནི་དེ་ དཀའ་ངལ་ཅིག་མེན་ཟེར་ཨིནམ་ད་ ཨིན་རུང་ གནས་སྟངས་འདི་ ལེགས་ཤོམ་སྦེ་ར་ ཧ་གོ་དགོཔ་འདུག།

འབྲུག་མི་ཚུ་ ཨཱསི་ཊེ་ལི་ཡ་ལུ་ འགྱོ་དགོ་པའི་གནད་དོན་དེ་ཡང་ མི་ཚེ་ཕྱེད་ལྷགཔ་ཅིག་ ལཱ་འབད་བའི་མཐའ་མར་ དགོངས་ཞུ་འབདཝ་ད་ དགོངས་ཞུའི་ཐོབ་ལམ་དེ་གིས་ ཐ་ན་ ཁྱིམ་ཅིག་ཡང་ ཉོ་མ་ཚུགས་པར་ ཚེ་སྨད་ལུ་ དཀའ་སྡུག་འབྱུང་ནི་དེ་གིས་ཨིན་མས།
དེ་འབདཝ་ལས་ གཞུང་དང་ སྲིད་བྱུས་རྩམ་མི་ཚུ་གིས་ འབྲུག་ལུ་ དོན་སྨིན་ཅན་གྱི་ ལཱ་གཡོག་གནས་སྟངས་བཟོ་ནིའི་ གོ་སྐབས་ལེན་དགོཔ་འདུག།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *