༉ བསམ་གྲུབ་ལྗོངས་མཁར་ བསམ་གྲུབ་ཆོས་གླིང་དྲུང་ཁག་འོག་གི་ པདྨ་ཐང་རྒེད་འོག་གིས་ ད་ལས་ཕར་ ཆུ་ཤོག་གིས་ བཟོ་སྐྲུན་འབད་མི་ ལྟོ་ཟ་སའི་ཧོད་ཚུ་ལག་ལེན་ མར་ཕབ་འབད་ནིའི་དོན་ལུ་ འཕྲལ་མགྱོགས་ར་ དོག་མ་ཤིང་གི་ པགས་ཀོ་ལག་ལེན་འཐབ་སྟེ་ ཐ་ལི་དང་ ཕོརཔ་ལ་སོགས་པ་ཚུ་ བཟོ་ནི་ཨིན་པས།
ཆུ་ཤོག་གི་ ཐོན་སྐྱེད་ཚུ་ མར་ཕབ་འབད་ནི་ལུ་རྐྱངམ་གཅིག་མེན་པར་ ལས་རིམ་དེ་ རྒེད་འོག་གི་ ཕྱགས་སྙིགས་འཛིན་སྐྱོང་གི་ དམིགས་ཡུལ་འགྲུབ་ནི་དང་ རང་བཞིན་གནས་སྟངས་ལུ་ ཕན་ཐབས་འབད་ནིའི་དོན་ལུ་ཨིན་པས།
པདྨ་ཐང་རྒེད་འོག་གི་དམངས་མི་ མཱན་རཇ་ ཅོ་ཝན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཐ་ལི་དང་ ཕོརཔ་ཚུ་ བཟོ་ནིའི་དོན་ལུ་ འཕྲུལ་ཆས་དེ་ རྒེད་འོག་གནང་བྱིན་མ་དངུལ་དང་ རྫོང་ཁག་གི་ མ་དངུལ་ཐོག་ལས་ མཁོ་སྒྲུབ་འབད་ཡི་ཟེར་ཨིནམ་ད་ འཕྲུལ་ཆས་དེ་ལུ་ དངུལ་ཀྲམ་༦༠༠,༠༠༠ དེ་ཅིག་ གནས་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འཕྲུལ་ཆས་དེ་ རྒེད་འོག་གིས་ ཨམ་སྲུ་ཚོགས་པ་ལུ་ རྩིས་སྤྲོད་འབད་ནི་ཟེར་ཨིནམ་ད་ ཐོན་སྐྱེད་ཚུ་ བཙོང་སྟེ་ཐོབ་མི་ མ་དངུལ་ཚུ་ ཚོགས་པ་གིས་ ལག་ལེན་འཐབ་ནི་ཨིནམ་མ་ཚད་ འཕྲུལ་ཆས་ཉམས་བཅོས་ཀྱི་ ལཱ་ཚུ་ཡང་ ཚོགས་པ་གིས་ར་ འབད་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚོགས་པའི་འཐུས་མི་ཚུ་ལུ་ བསམ་གྲུབ་ལྗོངས་མཁར་ལས་རིམ་གྱི་ འགོ་དཔོན་ཚུ་གིས་ འཕྲུལ་ཆས་ལག་ལེན་གྱི་ སྦྱོང་བརྡར་ཚུ་ བྱིན་ཡོདཔ་ལས་ ལག་ལེན་ཡང་ ཚོགས་པ་གིས་ར་ འཐབ་ནི་ཨིན་རུང་ འཕྲུལ་ཆས་དེ་ རྒེད་འོག་ལྟེ་བའི་ནང་ར་ བཞག་འོང་ཟེར་ཨིན་པས།
དམངས་མི་གིས་ སླབ་མིའི་ནང་ ཆུ་ཤོག་གི་ཐོན་སྐྱེད་ཚུ་ དགའ་སྟོན་ལ་སོགས་པ་ཚུ་གི་སྐབས་ རྒྱལ་ཁབ་མཐའ་དབུས་མེད་པར་ ལག་ལེན་འཐབ་མས་ཟེར་ཨིནམ་ད་ དེ་གིས་ རང་བཞིན་གནས་སྟངས་ལུ་ གནོད་དོ་ཡོདཔ་ལས་ དོག་མ་ཤིང་གི་ པགས་ཀོ་ལུ་བརྟེན་བཟོ་མི་ ཐ་ལི་དང་ ཕོརཔ་ལ་སོགས་པ་ཚུ་ ལག་ལེན་འཐབ་ནིའི་ དུས་ཚོད་ཁར་ ལྷོད་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བསམ་གྲུབ་ལྗོངས་མཁར་གྱི་ ཨམ་སྲུ་ཚོགས་པ་དང་ རྒེད་འོག་གི་ འགོ་དཔོན་ཚུ་གིས་ ཕྱགས་སྙིགས་འཛིན་སྐྱོང་གི་ གོ་བརྡ་ཚུ་ སྤྲོད་ཅི་ཟེར་ཨིནམ་མ་ཚད་ དཔེ་སྟོན་བཟུམ་ཅིག་སྦེ་ རྒེད་འོག་གིས་ཡང་ འཕྲལ་འཕྲལ་ར་ འཕྱག་བདར་གྱི་ ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་ ཡོད་ཟེར་ཨིན་པས།
ཕྱགས་སྙིགས་འཛིན་སྐྱོང་གི་ དམིགས་ཡུལ་འགྲུབ་ཐབས་ལུ་ ཧེ་མ་ པདྨ་ཐང་འབྲིང་རིམ་སློབ་གྲྭ་འོག་མ་གིས་ ལམ་བདའ་སྟེ་ ཝ་རོང་རི་ཚུན་ ཕྱགས་སྙིགས་ཀྱི་ཧོད་ཚུ་ བཙུགས་ཡོདཔ་ཨིན་རུང་ ད་རེས་ནངས་པར་ མི་མང་ཤོས་ཅིག་གིས་ ཧ་གོ་ཡོདཔ་ལས་ ཧོད་དེ་ཚུ་ ལོག་བསྡུ་ཡི་ཟེར་ཨིན་པས།
དམངས་མི་གིས་ སླབ་མིའི་ནང་ ཁྱིམ་གུང་རེ་གིས་ རུལ་བཏུབ་མི་དང་ མ་བཏུབ་མིའི་དོན་ལུ་ ཕྱགས་སྙིགས་ཧོད་༢ དེ་རེ་ བཟོ་སྟེ་ཡོད་ཟེར་ཨིནམ་ད་ ད་རེས་ནངས་པར་ རྒེད་འོག་ནང་ ཕྱགས་སྙིགས་ལེ་ཤ་མཐོང་ནི་མེད་མི་ལུ་བལྟ་བ་ཅིན་ རྒེད་འོག་གི་ ཕྱགས་སྙིགས་འཛིན་སྐྱོང་དེ་ ཡར་རྒྱས་སོང་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རུལ་མ་བཏུབ་མིའི་ ཕྱགས་སྙིགས་ཀྱི་རིགས་ཚུ་ ཨམ་སྲུ་ཚུ་གིས་ བསྡུ་ལེན་འབད་ཞིནམ་ལས་ ཁོང་གིས་ ལག་བེག་ལ་སོགས་པ་ཚུ་ བཟོ་དོ་ཡོདཔ་མ་ཚད་ ཆུ་ཤོག་གི་ ཐོན་སྐྱེད་ཚུ་ མར་ཕབ་འབད་ཐོག་ལས་ རང་བཞིན་གནས་སྟངས་ལུ་ཡང་ ཕན་ཐོགས་དོ་ཡོདཔ་ཨིན་པས།
ཚོང་པ་ཟླ་བ་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ དགའ་སྟོན་ཚུ་གི་སྐབས་ ཆུ་ཤོག་གི་ཐོན་སྐྱེད་ ཐ་ལི་དང་ ཕོརཔ་ལ་སོགས་པ་ཚུ་ ལག་ལེན་འཐབ་ནི་དེ་ ལམ་སྲོལ་བཟུམ་ཅིག་ལུ་ གྱུར་སོ་ནུག་ཟེར་ཨིནམ་ད་ ཨིན་རུང་ རྒེད་འོག་གིས་ འཕྲལ་མགྱོགས་ར་ དོག་མ་ཤིང་གི་ པགས་ཀོ་ལག་ལེན་འཐབ་སྟེ་ ཐ་ལི་དང་ ཕོརཔ་ཚུ་ བཟོ་ནི་ཨིན་མི་དེ གནས་ཚུལ་ལེགས་ཤོམ་ཅིག་ ཨིན་མས་ཟེར་ ཨིན་པའི་གནས་ཚུལ།
པདྨ་ཐང་ལས་ སྐལ་བཟང་དབང་ཕྱུག།