མཉམ་འབྲེལ་མདོ་ཆེན་ དཀོན་མཆོག་རྡོ་རྗེ་གིས་ དོག་གསུམ་དང་ གཡང་རྩེའི་བར་ན་ ལམ་རྒྱ་བསྐྱེད་ཀྱི་ གནད་དོན་སྐོར་ལས་ གསལ་ཞུ་འབད་བའི་བསྒང་།

དོག་གསུམ་-གཡང་རྩེ་བར་ནའི་གཞུང་ལམ་ རྒྱ་བསྐྱེད་འབད་ནི་ལུ་ དུས་ཡུན་འགོར་ནི།

༉ བཀྲིས་གཡང་རྩེ་དང་ དོག་གསུམ་བར་ནའི་གཞུང་ལམ་ རྒྱ་བསྐྱེད་འབད་ནི་ལུ་ ལོ་ངོ་དག་པ་ཅིག་ བསྒུག་དགོ་ནི་ཨིན་པས།
དེ་ཡང་ སྤྱི་ཟླ་༨ པའི་ཚེས་༡༧ ལུ་ བཀྲིས་གཡང་རྩེ་རྫོང་ཁག་ཚོགས་འདུ་ ཐེངས་༣ པའི་སྐབས་ ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་ མཁོ་ལོང་ཆུ་གློག་མེ་ལས་འགུལ་ལུ་བརྟེན་ གཞུང་ལམ་དེ་ བརྒྱ་སྐྱེད་འབད་ནིའི་ལཱ་ འགོ་བཙུགས་མ་ཚུགས་པའི་སྐོར་ལས་ གྲོས་བསྡུར་འབད་ནུག།
ཧེ་མ་འབད་བ་ཅིན་ གཡང་རྩེ་ཁྲོམ་དེ་ སྐྱིད་ཏོང་ཏོ་ཅིག་སྦེ་ གནས་ཡོདཔ་ཨིན་རུང་ ད་རེས་ ལས་འགུལ་འགོ་བཙུགས་ཏེ་ ལོ་༢ ཀྱི་རྒྱབ་ལས་ འུར་བྱེལ་ཅན་ཅིག་ལུ་ གྱུར་ཡོདཔ་མ་ཚད་ མི་རློབས་དང་ སྣུམ་འཁོར་གྱི་ གྱངས་ཁ་ཚུ་ཡང་ ཡར་སེང་སོང་ཡོདཔ་ཨིན་པས།
ཁམས་དྭངས་རྒཔོ་ ནོར་བུ་གིས་ སླབ་མིའི་ནང་ གཞུང་ལམ་དེ་ རྒྱ་བསྐྱེད་འབད་ནི་ཟེར་སླབ་སྟེ་ ཡུན་རིང་སོང་ཡོདཔ་མ་ཚད་ ལྷག་པར་དུ་ གནམ་བྱཱར་གྱི་སྐབས་ ལམ་གྱི་གནས་སྟངས་ སྐྱོ་དྲགས་ཐལ་ཏེ་ མི་གི་ཚེ་སྲོག་དང་ བཟོ་སྐྲུན་ཅ་ཆས་ཚུ་ལུ་ཡང་ ཉེན་ཁ་སྦོམ་སྦེ་ར་ བྱུངམ་མས་ཟེར་ཨིན་པས།
ནོར་བུ་གིས་ བཤད་མིའི་ནང་ ད་རེས་ ལམ་བདའ་སྟེ་ འགྲོ་འགྲུལ་འཐབ་མི་ སྣུམ་འཁོར་གྱི་གྱངས་ཁ་ རྒྱ་ཆེ་དྲགས་སྦེ་ར་ ཡར་སེང་འགྱོ་མིའི་ གདོང་ལེན་ལུ་ གཞུང་ལམ་རྒྱ་བསྐྱེད་འབད་ནི་དེ་ ཁག་ཆེ་དྲགས་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ཨིན་པས།
གློག་མེ་ལས་འགུལ་གྱིས་ རྫོང་ཁག་ཚོགས་འདུ་ཐེངས་༢ པའི་སྐབས་ ལམ་རྒྱ་བསྐྱེད་ཀྱི་ལཱ་ ཁོང་ར་གིས་ འགོ་འདྲེན་འཐབ་ནི་སྦེ་ ཁ་བཟེད་ཡོདཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ ག་ནི་ཡང་ འབད་མ་ཚུགས་པར་ ལུས་ཏེ་འདུག་ཟེར་ཨིན་པས།
མཁོ་ལོང་ཆུ་གློག་མེ་ལས་འགུལ་གྱི་ མཉམ་འབྲེལ་མདོ་ཆེན་ དཀོན་མཆོག་རྡོ་རྗེ་གིས་ སླབ་མིའི་ནང་ ད་ལྟོ་ ལམ་རྒྱ་བསྐྱེད་ཀྱི་ལཱ་ ནམ་ལས་འགོ་བཙུགས་ཚུགས་འོང་ག་ སླབ་མི་ཤེས་ནི་དང་ དེ་སྦེ་ཕྱིས་ཏེ་ལུས་དགོ་མི་དེ་ གཙོ་བོ་ར་ མ་དངུལ་མེད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་འགུལ་གྱི་ ལཱ་ངོ་མ་ཚུ་ འགོ་བཙུགས་པའི་བསྒང་ལས་ ད་ལྟོ་ཡོད་པའི་ གཞུང་ལམ་དེ་གུ་ལས་ ལས་འགུལ་གྱི་ སྣུམ་འཁོར་ཆེ་བ་ཚུ་ མི་ཤོང་ནི་དང་ རྩིས་ལོ་འདི་ནང་ ལམ་སེལ་ལས་ཁུངས་ལུ་ཡང་ གཞུང་ལམ་དེ་ རྒྱ་བསྐྱེད་འབད་ནིའི་དོན་ལུ་ མ་དངུལ་མེདཔ་ལས་ ལས་འགུལ་གྱིས་ར་ འབད་དགོ་ཟེར་ཨིན་པས།
ལམ་སེལ་ལས་ཁུངས་ཀྱིས་ ལྕགས་ཟམ་ལས་ བཀྲིས་གཡང་རྩེ་ཚུན་གྱི་ལམ་ ཀི་ལོ་མི་ཊར་༤༤ འབད་མི་དེ་ རྒྱ་བསྐྱེད་འབད་ནིའི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༨༧༢ གནས་ནི་ཨིན་པའི་ ཚོད་རྩིས་བཏོན་ཡོདཔ་ཨིན་པས།
དཀོན་མཆོག་རྡོ་རྗེ་གིས་ བཤད་མིའི་ནང་ ཟད་འགྲོ་མ་དངུལ་ཡོངས་བསྡོམས་དེ་ལས་ དངུལ་ཀྲམ་ས་ཡ་༤༡༥ དེ་ཅིག་ ལས་འགུལ་གྱིས་ གཏང་ནི་ཨིན་རུང་ ད་ལྟོ་ དངུལ་ཀྲམ་ས་ཡ་༨༠ གིས་ མ་ལང་པར་ཡོད་ཟེར་ཨིན་པས།
དཀོན་མཆོག་རྡོ་རྗེ་གིས་ བཤད་མིའི་ནང་ ལས་འགུལ་གྱི་ ཆུ་མཛོད་ཁང་དང་ སརཇི་ཤཱཕཊི་ དེ་ལས་ གློག་མེ་འཕྲུལ་ཁང་ཚུ་ བཟོ་སྐྲུན་འབད་ནི་ འགོ་མ་བཙུགས་པའི་ཧེ་མ་ལས་ ལམ་དེ་ རྒྱ་བསྐྱེད་འབད་དགོཔ་ ཁག་ཆེ་མི་ལུ་བལྟ་སྟེ་ གནད་དོན་དེ་གི་སྐོར་ལས་ བཀོད་ཚོགས་དང་གཅིག་ཁར་ཡང་ གྲོས་བསྟུན་འབད་ཡི་ཟེར་ཨིན་པས།
ད་ལྟོ་ཚུན་ མ་དངུལ་ཧེང་སྐལ་ཐོབ་མ་ཚུགས་རུང་ མ་དངུལ་ཐོབ་ཅིག་ ལམ་རྒྱ་བསྐྱེད་འབད་ནི་ འགོ་བཙུགས་འོང་ཟེར་ཨིན་པས།
རྒཔོ་ནོར་བུ་གིས་འབད་བ་ཅིན་ ལས་འགུལ་གྱིས་ ལམ་རྒྱ་བསྐྱེད་འབད་ནི་སྦེ་ ཚོགས་ཐེངས་༢ པའི་སྐབས་ ཁ་བཟེད་ཡོད་རུང་ ད་རེས་ ཚོགས་ཐེངས་༣ པའི་སྐབས་ལུ་ཡང་ ལཱ་འགོ་བཙུགས་ནིའི་དུས་ཚོད་ བྱིན་མ་ཚུགས་མི་ལུ་ བལྟ་བ་ཅིན་ ལཱ་དེ་ ཡུན་འགྱངས་ལུས་ནི་བཟུམ་ མཐོངམ་མས་ཟེར་ཨིན་པས།
ཨིན་རུང་ ད་ལྟོ་ཚུན་ཚོད་ ལམ་སེལ་ལས་ཁུངས་ཀྱིས་ ལྕགས་ཟམ་ལས་ དོག་གསུམ་ཚུན་ ལམ་ཀི་ལོ་མི་ཊར་༡༤ རྒྱ་བསྐྱེད་འབད་ནིའི་ ལཱ་འགོ་བཙུགས་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཉི་མ་དབང་འདུས།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *