རྩི་གནག་གཏང་པའི་བསྒང་ཡོད་མི་ གཞུང་ལམ།

དོག་གསུམ་དང་ བཀྲིས་གཡང་རྩེ་བར་ནའི་གཞུང་ལམ་ རྩི་གནག་བཏང་ནི་ལུ་ རེ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་སྒང་ལྕགས་ཟམ་དང་ བཀྲིས་གཡང་རྩེ་བར་ནའི་གཞུང་ལམ་ ཀི་ལོ་མི་ཊར་༥༥ འབད་མི་དེ་ ལེགས་ཤོམ་ཡོད་རུང་ ས་གནས་བུར་བུ་ལ་དང་ བུ་ཡང་གི་གཞུང་ལམ་ལེགས་ཤོམ་མེདཔ་ལས་ འགྲོ་འགྲུལ་འཐབ་མི་ཚུ་ལུ་ སྟབས་མ་བདེཝ་བྱུང་སྟེ་འདུག།

འགྲོ་འགྲུལ་འབད་མི་ཚུ་གིས་ འབད་བ་ཅིན་ བཀྲིས་གཡང་རྩེ་ལས་ བཀྲིས་སྒང་ལུ་འགྱོཝ་ད་ དུས་ཡུན་ཆུ་ཚོད་ཕྱེད་དང་༢ མ་གཏོགས་མི་འགོར་བས་ཟེར་ཨིན་པས།

བཀྲིས་གཡང་རྩེ་དང་ དོག་གསུམ་གྱི་བར་ན་ གླ་འཁོར་བཏང་མི་ ཀུན་ལེགས་ཀྱིས་ སླབ་མིའི་ནང་ དཀོན་མཆོག་གླིང་ལས་ བཀྲིས་སྒང་ཚུན་ འཁོར་ལམ་ལེགས་ཤོམ་ཡོདཔ་ལས་ སྟབས་བདེ་ཏོག་འདུག་ཟེར་ཨིན་རུང་ ས་གནས་དག་པ་ཅིག་ནང་ འཁོར་ལམ་ལེགས་ཤོམ་མེད་མི་ཡང་ འདུག་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ག་དེམ་ཅིག་སྦེ་ འཁོར་ལམ་ག་ར་ རྩི་གནག་བཏང་པ་ཅིན་ འགྲོ་འགྲུལ་གྱི་ དུས་ཡུན་ཐུང་ཀུ་འགྱོ་ནི་མས་ཟེར་ཨིན་པས།

གླ་འཁོར་དེད་གཡོགཔ་ གནས་བརྟན་ཚེ་རིང་གིས་ སླབ་མིའི་ནང་ ས་གནས་བུར་བུ་ལ་དང་ བུ་ཡང་གི་བར་ན་ ལམ་ཧག་ཀ་ཧོག་ཀ་ལེ་ཤ་ཐོན་ཡོདཔ་ལས་ སྣུམ་འཁོར་ཆུང་བ་ཚུ་ལུ་ དཀའ་ངལ་བྱིནམ་མས་ཟེར་ཨིནམ་ད་ དམིགས་བསལ་དུ་ གནམ་བྱཱར་ལུ་འགྲོ་འགྲུལ་འབད་ནི་ནང་ དཀའ་ངལ་འདུག་ཟེར་ཨིན་པས།

དུས་རྒྱུན་དུ་ རྒྱུན་འགྲུལ་འཐབ་མི་ ཀུན་བཟང་དབང་ཕྱུག་གིས་ བདུན་ཕྲག་རེ་ནང་ རྫོང་ཁག་ནང་ ཚར་༤ དེ་རེ་ འགྲོ་འགྲུལ་འབད་དགོཔ་ལས་ འཁོར་ལམ་ག་ར་རྩི་གནག་བཏང་ནི་དང་ ཡང་ན་ ཧག་ཀ་ཧོག་ཀ་ཚུ་ བསུབས་གནང་པ་ཅིན་ སྟབས་བདེ་ནི་མས་ཟེར་ཨིན་པས།

བཀྲིས་གཡང་རྩེ་རྫོང་ཁག་གི་ གཞུང་ལམ་ གནད་དོན་ག་ཅི་ལུ་བརྟེན་ རྩི་གནག་མ་བཏངམ་ཨིན་ན་ ཧ་གོ་མི་ཚུགས་ཟེར་ ཁོ་གིས་བཤད་པའི་ཁར་ རྫོང་ཁག་ལ་ལོ་ཅིག་ནང་ སོ་ནམ་ཞིང་ལམ་ཡང་ རྩི་གནག་བཏང་སྟེ་འདུག་ཟེར་ཨིན་པས།

ས་གནས་ཀྱི་མི་ཚུ་གིས་ འབད་བ་ཅིན་ ལམ་སེལ་ལས་ཁུངས་ཀྱིས་ འཁོར་ལམ་རྩི་གནག་བཏང་པའི་བསྒང་ཨིན་རུང་ འཕྲོ་མཐུད་དེ་ར་ རྩི་གནག་མ་བཏང་པ་ཅིན་ འཁོར་ལམ་དེ་ ཧེང་སྐལ་ར་ མེདཔ་འགྱོ་ནི་མས་ཟེར་ཨིན་པས།

བཙག་འཐུའི་སྐབས་ སྲིད་དོན་ཚོགས་པ་དང་ འདེམས་ངོ་ཚུ་གིས་ འཁོར་ལམ་ལེགས་བཅོས་དང་ རྩི་གནག་བཏང་འོང་ཟེར་ ཁས་བླངས་གསལ་བསྒྲགས་འབད་ཡོད་རུང་ བཙག་འཐུ་གྲུབ་ཞིནམ་ལས་ འབད་མ་བཏུབ་ཟེར་ ཡེ་ཤེས་རྡོ་རྗེ་གིས་ བཤདཔ་ཨིན་པས།

དོག་གསུམ་ལས་ བཀྲིས་གཡང་རྩེ་ཚུན་ འཁོར་ལམ་རྩི་གནག་བཏང་འོང་ཟེར་ གནས་ཚུལ་གོ་བའི་སྐབས་ སེམས་དགའ་ཡོད་རུང་ ད་རེས་ མཁོ་ལོང་ཆུ་གློག་མེ་ལས་འགུལ་ མཚམས་འཇོག་འབད་བའི་ཤུལ་ལུ་ མ་དངུལ་མེད་ཟེར་སླབ་དོ་ཡོདཔ་ལས་ བློ་ཕམ་སི་སི་ཨིན་མས་ཟེར་ ཚོང་པ་ཅིག་གིས་ བཤདཔ་ཨིན་པས།

ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ མ་དངུལ་མེད་མི་ལུ་བརྟེན་ དུས་ཅི་ ཀི་ལོ་མི་ཊར་༤.༢ འབད་མི་འཁོར་ལམ་དེ་ རྩི་གནག་བཏང་མི་ཚུགས་ནི་མས་ཟེར་ཨིནམ་ད་ སང་ཕོད་ཀྱི་རྩིས་ལོ་ནང་ འཆར་དངུལ་བགོ་བཀྲམ་གྱི་ གྲོས་འཆར་བཙུགས་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ གཞུང་གིས་ འཁོར་ལམ་ལེགས་བཅོས་དང་འབྲེལ་བ་ཡོད་པའི་ འཆར་དངུལ་རྐྱངམ་གཅིག་ བྱིན་དོ་ཡོདཔ་ལས་ འཆར་དངུལ་ཐོབ་ག་མི་ཐོབ་ སླབ་མི་ཤེས་པས་ཟེར་ཨིན་པས།

ཀི་ལོ་མི་ཊར་༥༥ འབད་མི་གཞུང་ལམ་དེ་ གཞུང་གིས་ འཆར་དངུལ་བགོ་བཀྲམ་འབད་མི་དང་བསྟུན་ རྩི་གནག་བཏང་ཡོདཔ་ད་ དཀོན་མཆོག་གླིང་ལས་ བཀྲིས་གཡང་རྩེ་ཁ་ཐུག་ལུ་ ཀི་ལོ་མི་ཊར་༥.༢ འབད་མི་དེ་ སྤྱི་ཟླ་༡༠ པའི་བར་མཚམས་ལུ་ མཇུག་བསྡུ་ཚུགས་པའི་ དམིགས་གཏད་ཡོདཔ་བཞིན་དུ་ དེ་གི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༨༠ དེ་ཅིག་ གནས་དོ་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་གཡང་རྩེ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *