༉ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ལས་སྡེ་གིས་ སྣུམ་འཁོར་ཊཱག་དང་ དེད་གཡོགཔ་ཚུ་ལུ་ དོ་སྐྱེལ་འདྲེན་འབད་ནི་ཚུ་ བཀག་དམ་འབད་མི་དེ་ གཞུང་གིས་ བར་འཛུལ་ཐོག་ ཆ་མེད་གཏང་གནང་དགོཔ་སྦེ་ འབྲུག་གི་དོ་འཁོར་ཚོགས་ཆུང་གི་ འཐུས་མི་ཚུ་གིས་ ཞུ་ཡིག་བཙུགས་ནུག།
དེ་ཡང་ བྱུང་རྐྱེན་ཁག་༢ ནང་ དོ་འཁོར་བཏང་མི་ཚུ་གིས་ ཐིམ་ཕུག་ལུ་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་དང་ ངང་ལམ་ལུ་ གདུང་བསམ་རྩི་ས་ལས་འཛིན་གྱི་ འགོ་དཔོན་ཚུ་དང་ གདོང་ལེན་འབད་ཡོདཔ་ཨིན་པས།
བྱུང་རྐྱེན་ཚུ་ལུ་ ཞིབ་དཔྱད་རྐྱབ་པའི་ཤུལ་ལས་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གིས་ སྤྱི་ཟླ་༣ པའི་ཚེས་༣༠ ལུ་ ལས་སྡེ་གིས་ བདག་བཟུང་འབད་མི་ ཚོང་སྡེ་ཚུ་ལུ་ ཊཱག་༤༥ ལས་༡༠༠ གི་བར་ན་ སྐྱེལ་འདྲེན་གྱི་ ལཱ་ག་ཅི་ར་ཨིན་རུང་ མི་བྱིན་ནིའི་དོན་ལས་ ནག་ཐོའི་ནང་ བཀོད་དགོ་པའི་ བཀོད་རྒྱ་བཏོན་ཡོདཔ་ཨིན་པས།
དུས་ཚོད་ངེས་བཟུང་མེདཔ་སྦེ་ བཀག་དམ་འབད་མི་ལུ་བརྟེན་ དོ་འཁོར་ཚོགས་ཆུང་གིས་ འདས་པའི་བདུན་ཕྲག་ནང་ བསྟན་རྒྱས་བློན་པོ་ ལས་སྐྱིད་རྡོ་རྗེ་ལུ་ བར་འཛུལ་ཐོག་ བཀག་དམ་ཆ་མེད་གཏང་དགོ་པའི་ ཞུ་ཡིག་བཙུགས་ཡོདཔ་ད་ ཊཱག་བཏང་མི་ཚུ་ ནག་ཐོའི་ནང་ བཀོད་ཡོད་པའི་ གནས་ཚུལ་གོཝ་ད་ རྣམ་རྟོག་ལང་ཡོདཔ་མ་ཚད་ སེམས་ཁམས་ལུ་ ཐོ་ཕོག་སྟེ་ཡོད་ཟེར་ ཚོགས་ཆུང་གི་ཁྲི་འཛིན་ བི་བི་ཏ་མང་གིས་ ཞུ་ཡིག་ནང་བཀོད་ནུག།
བི་བི་ཏ་མང་གིས་འབད་བ་ཅིན་ དོ་འཁོར་ཊཱག་ཚུ་ དོ་སྐྱེལ་འདྲེན་ བཀག་དམ་འབད་ཡོད་མི་ལས་༢༦ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱིས་ ནག་ཐོ་ནང་ བཀོད་ཡོདཔ་ད་ ཊཱག་བཏང་མི་ཚུ་ ཙིགཔ་ཟ་དགོ་པའི་ གནད་དོན་དེ་ཡང་ སྐྱེལ་འདྲེན་གྱི་ གླ་ཆ་བསྒྱུར་བཅོས་འབད་ནི་དེ་གིས་ཨིན་ཟེར་ བཤདཔ་ཨིན་པས།
གལ་སྲིད་ ཊཱག་དང་ དོ་འཁོར་བཏང་མི་ཚུ་ འཕྲོ་མཐུད་དེ་ར་ ནག་ཐོའི་ནང་ བཀོད་པ་ཅིན་ ཁོང་གི་བཟའ་ཚང་དང་ ཨ་ལོ་ཚུ་གི་ འཚོ་བའི་གནས་སྟངས་ལུ་ ཐོ་ཕོག་འོང་ཟེར་ ཁོ་གིས་ ཞུ་ཡིག་ནང་ གསལ་བཀོད་འབད་ཡོདཔ་མ་ཚད་ ཊཱག་ཚུ་ སྐྱིན་འགྲུལ་ལེན་ཏེ་ མཁོ་སྒྲུབ་འབད་ཡོདཔ་ལས་ ཇོ་བདག་ཟེར་རུང་ ཡིག་ཐོག་ལུ་རྐྱངམ་གཅིག་ཨིན་ཟེར་བཀོད་ནུག།
ཁོ་གིས་འབད་བ་ཅིན་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་དེ་ ཊཱག་ཚུ་གི་དོན་ལུ་ ལས་མགྲོན་པ་ངོ་མ་ཅིག་ཨིན་ཟེར་ཨིན་པས།
ང་བཅས་ཀྱི་ རྒྱལ་ཁབ་ནང་ ཁྲིམས་ལུགས་ཡོདཔ་བཞིན་དུ་ གལ་སྲིད་ མི་ཅིག་གིས་ ཁྲིམས་ལུགས་ལས་འགལ་ཏེ་ ལཱ་བྱ་འཐབ་པ་ཅིན་ ཕོ་མོ་གང་རུང་ལུ་ ཉེས་ཁྲིམས་བཀལ་དགོཔ་ཨིན་རུང་ ནག་ཐོ་ནང་བཀོད་དེ་ འཚོ་སྐྱོང་གི་དོན་ལུ་ འོང་འབབ་བཟོ་ནི་གི་ ཐོབ་དབང་བཀག་ཆ་འབད་མི་དེ་ ཚུལ་མཐུན་མེན་ཟེར་ བི་བི་ཏ་མང་གིས་ བཤད་ཡོདཔ་ད་ དོ་འཁོར་ཚོགས་ཆུང་ནང་ ཊཱག་༡,༥༠༠ དེ་ཅིག་གི་ ངོ་ཚབ་ཨིན་མི་ འཛིན་སྐྱོང་འཐུས་མི་༤༠ ཡོདཔ་ཨིན་པས།
འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ དྲགོས་ཀརྨ་འོད་ཟེར་རལ་གྲི་གིས་ སླབ་མིའི་ནང་ དེ་བཟུམ་ཐག་བཅད་མི་དེ་ གདུག་རྩུབ་ཅན་སྦེ་ མཐོང་སྲིད་ནི་ཨིན་རུང་ སྲུང་སྐྱོབ་ཀྱི་ མཐའ་དོན་ལུ་བལྟ་སྟེ་ གྲོས་ཐག་བཅད་དགོཔ་ གལ་ཆེཝ་སྦེ་ ཐོན་སོ་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚོང་སྡེ་༢ ཀྱི་ གྲོས་འདེབས་དང་འཁྲིལ་ ལས་སྡེ་གིས་ གྲོས་ཐག་བཅད་ཅི་ཟེར་ཨིན་པས།
བསྟན་རྒྱས་བློན་པོ་གིས་ བཤད་མིའི་ནང་ དོ་འཁོར་ཚོགས་ཆུང་གིས་ ཞུ་ཡིག་བཙུགས་མི་དེ་ལུ་ བཟོ་གྲྭ་ལས་ཁུངས་ཀྱིས་ བསྐྱར་ཞིབ་འབད་དོ་ཟེར་ཨིན་པས།
དུས་ཅི་ སྤྱི་ཟླ་༡ པའི་ཚེས་༡ ལས་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱིས་ བྱེམ་བཀྲམ་སྤེལ་ལམ་ལུགས་ འགོ་བཙུགས་མིའི་ རྒྱབ་འགལ་ལུ་ ཊཱག་བཏང་མི་ཚུ་གིས་ སྤྱི་ཟླ་༢ པའི་ནང་ དབང་འདུས་ཕོ་ཕྲང་ལུང་ཕྱོགས་ལས་ བྱེམ་སྐྱེལ་འདྲེན་འབད་ནི་ གནས་སྐབས་ཅིག་ མཚམས་འཇོག་འབད་དེ་ བཞག་པའི་ཤུལ་ལུ་ ནག་ཐོའི་ནང་ བཀོད་ཡོདཔ་ཨིན་པས།
བྱུང་རྐྱེན་གྱི་ཤུལ་ལས་ ཁྲིམས་སྲུང་འགག་པ་གིས་ ཊཱག་བཏང་མི་དག་པ་ཅིག་ དྲི་ཞིབ་ཀྱི་དོན་ལུ་ ཁྱིད་ཡོདཔ་ཨིན་པས།
གདུང་བསམ་རྩི་ས་ལས་འཛིན་གྱིས་ ན་ཧིང་ སྤྱི་ཟླ་༥ པའི་ཚེས་༡ ལས་ དོ་འཁོར་ཚུ་ ནག་ཐོའི་ནང་ བཀོད་མི་དེ་ཡང་ ཁོང་གིས་ སྐྱེལ་འདྲེན་ཁག་འབག་གི་ ཆིངས་ཡིག་ལུ་ མ་གནས་པར་ ཚོང་སྡེའི་ས་ཁོངས་ནང་ བྱེལཝ་ཟུགཔ་ཡོདཔ་ད་ ཚོང་སྡེ་གིས་འབད་བ་ཅིན་ ཊཱག་བཏང་མི་ཚུ་གི་ བྱ་སྤྱོད་ངན་པ་ལུ་བརྟེན་ ཚོང་འབྲེལ་ལུ་ གྱོང་རྒུད་ཕོག་ཡོདཔ་མ་ཚད་ ཚོང་སྡེའི་མིང་གཏམ་ཡང་ མེདཔ་བཏང་ཡི་ཟེར་ཨིན་པའི་གནས་ཚུལ།
Check Also
ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།
༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …