བཀྲིས་སྒང་ཁྲོམ་གྱི་ སྦུག་ལུ་མཐོང་མི་ དོག་མ་ཚོང་ཁང་།

དུས་རབས་ཕྱེད་ཀ་ལང་མི་ དོག་མ་ཚོང་ཁང་ ད་ལྟོ་ཡང་ ལག་ལེན་འཐབ་བཞིན་དུ་ཡོདཔ།

༉ བཀྲིས་སྒང་ཁྲོམ་གྱི་ སྦུག་ལུ་ཡོད་མི་ དོག་མ་ཚོང་ཁང་དེ་ ཧ་ལམ་ དུས་རབས་ཕྱེད་ཀ་ལང་ཡོད་རུང་ ད་ལྟོའི་བར་ན་ཡང་ སྒྲིང་སྒྲི་སྦེ་ར་ ལག་ལེན་འཐབ་པའི་བསྒང་ཡོདཔ་ཨིན་པས།
ས་གནས་ཁག་གི་ མི་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ཆང་ཁང་དང་སྦྱེལ་ཏེ་ དོག་མ་ཚོང་ཁང་ཆུང་ཀུ་ཅིག་ ཡོད་མི་དེ་གིས་ སྤྱི་ལོ་༡༩༦༠ རེ་གྲངས་ནང་ལས་ར་ ཞབས་ཏོག་ཚུ་ བྱིན་སྡོད་ཅི་ཟེར་ཨིན་རུང་ ཚོང་ཁང་དེ་ ག་གིས་རྐྱབ་ཅི་ག་ ཤེས་མི་ག་ཡང་ མེདཔ་ཨིན་པས།
ད་རེས་ ཚོང་ཁང་ཆུང་ཀུ་དེ་ནང་ བཀྲིས་སྒང་འཆང་སྨད་ལས་ཨིན་མི་ ཀུན་བཟང་ཆོས་སྒྲོན་གྱིས་ དོག་མ་གི་ ཚོང་རྐྱབ་དོ་ཡོདཔ་ད་ མོ་གིས་ མོ་རའི་ནུམོ་ལས་ ཚོང་ཁང་ལེན་ཏེ་ ད་རེས་འབདཝ་ད་ ལོ་བཅུ་ཕྲག་ལྷགཔ་ཅིག་ ལང་ཡོདཔ་ཨིན་པས།
སྐྱེས་ལོ་༥༩ ལང་མི་ ཀུན་བཟང་ཆོས་སྒྲོན་གྱིས་ སླབ་མིའི་ནང་ མོ་རའི་ བཟའ་ཚང་གིས་ ཚོང་ཁང་ལེན་ཏེ་ ལོ་ངོ་༡༥ ལྷགཔ་ཅིག་ སོང་ཡི་ཟེར་ཨིནམ་ད་ གཉེན་རྐྱབ་སྟེ་ ཐིམ་ཕུག་ལུ་ འགྱོ་བའི་ཤུལ་ལས་ ཚོང་ཁང་དེ་ མོ་གི་ནུམོ་གིས་ བྱིན་ཡི་ཟེར་ཨིན་རུང་ ཚོང་ཁང་དེ་ ག་ལས་ གོང་ཚད་ག་དེམ་ཅིག་སྦེ་ ཉོ་ཡོདཔ་ཨིན་ན་ ཤེས་རྟོགས་མེད་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ཚོང་ཁང་གི་ བཟོ་བོ་ཨིན་ཟེར་ ལོ་ན་རྒས་མི་ཕོ་སྐྱེས་ཅིག་གིས་ ཚོང་ཁང་དེ་ ལོ་༥༠ ལྷགཔ་ཅིག་གི་ཧེ་མར་ རྐྱབ་ཡོདཔ་སྦེ་ སླབ་ཨིན་རུང་ ཏན་ཏན་མེད་ཟེར་ཨིནམ་ད་ དེ་བསྒང་གི་ མི་ཚུ་ཡང་ ལེ་ཤ་མེད་པའི་ཁར་ ཕོ་སྐྱེས་དེ་ཡང་ མི་མཐོང་དོ་ཡོདཔ་ལས་ ཤི་སོཔ་འོང་ནི་མས་ཟེར་ཨིན་པས།
སྦིས་གདུང་ལས་ཨིན་ཟེར་སླབ་མི་ ཕོ་སྐྱེས་དེ་ ཚོང་ཁང་ལུ་ ཚར་ལེ་ཤ་བལྟ་སར་ མཐོང་ཅི་ཟེར་ཨིནམ་ད་ ཚར་གཅིག་འབདཝ་ད་ ཕོ་སྐྱེས་དེ་གིས་ མོ་འབད་སར་འོང་ཞིནམ་ལས་ ཚོང་ཁང་དེ་ ཁོ་གིས་ རྐྱབ་ཡོདཔ་སྦེ་ སླབ་དེས་ཟེར་ཨིནམ་བཞིན་དུ་ དེ་གི་ཤུལ་ལས་ ཕོ་སྐྱེས་དེ་ཡང་ ལོག་འོང་ནི་མེདཔ་ལས་ ཕོ་སྐྱེས་དེ་ ལོ་༢ ཀྱི་ཧེ་མ་ མཐོང་ཅི་ཟེར་ཨིན་པས།
ཀུན་བཟང་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ཚོང་ཁང་གི་ བཟོ་བཀོད་དེ་ ད་ལྟོ་ཡང་ སྒྲིང་སྒྲི་ཡོདཔ་ལས་ ལོ་༡༥ གི་ནང་འཁོད་ལུ་ ཉམས་བཅོས་ཀྱི་ལཱ་ ག་ནི་ཡང་ མ་འབད་ཟེར་ཨིནམ་ད་ མི་ཚུ་གིས་ ཚོང་ཁང་གི་ གཞི་འགྱམ་དེ་ རུལ་རུལཝ་འོང་ཟེར་ སླབ་དོ་ཡོད་རུང་ ལོ་༡༠ དེ་ཅིག་ བཟོ་བཀོད་དེ་ལུ་ ག་ནི་ཡང་ འབད་མི་དགོ་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ མོ་གིས་ ཚོང་ཁང་དེ་ རྩིས་ལེན་ཞིནམ་ལས་ ཧེ་མ་བཟུམ་སྦེ་ ཚོན་བཏང་བཏངམ་རྐྱངམ་གཅིག་མ་གཏོགས་ བསྒྱུར་བཅོས་གཞན་ ག་ནི་ཡང་ མ་འབད་ཟེར་ཨིན་པའི་ཁར་ ད་ལས་ཕར་ཡང་ བསྒྱུར་བཅོས་འབད་ནིའི་ སེམས་མེད་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཚོང་ཁང་གི་ ཤིང་ཆས་ཚུ་ག་ར་ སྒྲིང་སྒྲི་འདུག་ཟེར་ཨིནམ་ད་ ཚར་གཅིག་འབདཝ་ད་ ཨེན་ཏ་ཅིག་བཏོགས་ནིའི་ དཔའ་བཅམ་པའི་སྐབས་ གྱི་ཅུང་མཆོངས་ལོག་རྐྱབ་ཡོདཔ་ལས་ ཤིང་ཆས་དེ་ཚུ་ སྒྲིང་སྒྲི་སྦེ་ར་ འདུག་ཟེར་ཨིན་པས།
སྐྱེས་ལོ་༥༠ ལང་མི་ དཀོན་མཆོག་རྡོ་རྗེ་གིས་ སླབ་མིའི་ནང་ འདས་པའི་ལོ་བཅུ་ཕྲག་གི་ ནང་འཁོད་ལུ་ བཀྲིས་སྒང་ལུ་ གོང་འཕེལ་གྱི་ ལས་སྣ་ལེ་ཤ་ འགོ་འདྲེན་འཐབ་ཅི་ཟེར་ཨིནམ་ད་ ཧེ་མར་ སྦ་སྒོར་ཆུང་ཀུ་སྡོད་མི་ཚུ་ རྩི་སའི་སྒྲིང་ཁྱིམ་རྐྱབ་ཡོད་རུང་ དོག་མ་ཚོང་ཁང་དེ་ བསྒྱུར་བཅོས་མེད་པར་ དེ་སྦེ་ར་ ལུས་སོ་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོ་ར་ཧེ་མར་ སློབ་ཕྲུག་སྦེ་ སྡོད་པའི་སྐབས་ དོག་མ་ཚོང་ཁང་དེ་ནང་ལས་ གུ་རམ་ཚུ་ ཉོ་ནི་ཡོད་ཟེར་ཨིནམ་ད་ ད་རེས་ཡང་ ཚོང་ཁང་དེ་ནང་ལས་ར་ ཁོ་གི་ཚབོ་དང་ ཚམོ་ཚུ་གི་དོན་ལུ་ གུ་རམ་ཚུ་ ཉོ་དོ་ཟེར་ཨིནམ་ད་ ཀུན་བཟང་ཆོས་སྒྲོན་གྱིས་ཡང་ ཚོང་ཁང་དེ་ བཀོག་བཞག་ནིའི་ སེམས་མེདཔ་ཨིན་པས།
ཚོང་ཁང་དེ་ ས་ཁོངས་ལེགས་ཤོམ་ནང་ཡོདཔ་ལས་ ཉིནམ་༡ ར་ ཚོང་མགྲོན་པ་མ་ཆད་པར་ འོང་དོ་ཡོདཔ་ད་ ཀུན་བཟང་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ཁེ་སང་དེ་ཅིག་མེད་རུང་ མི་ཚུ་དང་གཅིག་ཁར་ འབྲེལ་བ་སྡོད་ནི་ལུ་ སེམས་དགའཝ་མས་ཟེར་ཨིནམ་ད་ ཁྲོམ་ནང་ སྒྲིང་ཁྱིམ་ལེ་ཤ་རྐྱབ་ཡོད་རུང་ ཚོང་ཁང་དེ་ དེ་སྦེ་ར་ ལུས་ཡོདཔ་ལས་ ད་ལས་ཕར་ཡང་ རྒྱ་སྐྱེད་དང་ བཟོ་བཅོས་འབད་ནིའི་ སེམས་མེད་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཁྲོམ་ཁའི་ཚོང་གཞན་ཚུ་དང་ཕྱདཔ་ད་ མོ་གི་ཚོང་ཁང་དེ་ ཆུང་ཀུ་ཅིག་འབད་རུང་ དེ་ལུ་ དགའཝ་མས་ཟེར་ཨིནམ་ད་ ཚོང་ཁང་དེ་བཙོང་ནིའི་ འཆར་གཞི་མེདཔ་ལས་ ག་དེམ་ཅིག་སྦེ་ མ་ཤི་བར་ སྡོད་པ་ཅིན་ ད་རུང་ ལོ་༡༠ དེ་ཅིག་ མོ་ར་ ཚོང་ཁང་དེ་ནང་ར་ མཐོང་ཚུགས་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *