ཨམ་སྲུ་ཚུ་གིས་ཡང་ ཕོ་སྐྱེས་ཚུ་གི་ ལྟག་ལྐོག་གུ་ ཤིང་གི་ཕོ་མཚན་བཀལ་ཐོག་ལས་ ཝ་ཡོ་ཝ་ཡོ་ཟེར་སྐད་རྐྱབ་སྟེ་ ན་པོའི་བཞུགས་གནས་ལུ་ བསྐོར་ར་རྐྱབ་པའི་བསྒང་།

དུས་ཟ་ཟེར་ ངོ་ཚ་དང་བྲལ་བའི་ ལྷ་གསོལ་ནིའི་སྲོལ་ ཉམས་ཉེན་གུ་ལྷོད་ཡོདཔ།

༉ སྐྱིད་བདེ་མཁར་གཡུས་ཚན་ནང་ ཕམ་སྤུན་ཆ་དང་ ཕ་སྤད་མ་སྨད་ གཉེན་ཉེཝ་ཚུ་གིས་ ལོ་ངོ་༢ ཀྱི་བར་ན་ཚར་རེ་ ངོ་ཚ་ནི་ཚུ་ སྤང་ཐོག་ལས་ ཉིན་གྲངས་༢ ཀྱི་རིང་ ངོ་ཚ་བའི་གཏམ་ མཇེ་ལྡག་སྟུ་ལྡག་ལ་སོགས་པ་ བཙོག་གཏམ་སླབ་མ་ཚད་ ཕོ་མཚན་དང་ མོ་མཚན་གྱི་ རྣམ་པ་མ་འདྲཝ་ཚུ་ཡང་ གསལ་སྟོན་འབདཝ་མས།
ད་རུང་ ཅོ་ཀ་ཤིང་གི་ ཞལ་ལག་ཚུ་གུ་ ཕོ་མཚན་བཟོ་མི་ཚུ་ ཕོ་མོ་གཉིས་ཆ་ར་གིས་ འབག་ཐོག་ལས་ ཕོ་སྐྱེས་དང་ ཨམ་སྲུའི་ལྟག་ལྐོག་གུ་བཀལ་ཏེ་ ཝ་ཡོ་ཟེར་ སྐད་རྐྱབ་ཅིག་ར་ བསྐོར་ར་རྐྱབ་འགྱོཝ་མ་ཚད་ མགྱོནམ་ཚུ་ལུ་ ཆང་དྲང་པའི་སྐབས་ལུ་ཡང་ ཤིང་གི་ཕོ་མཚན་རྣམ་པ་དེ་ ཨམ་སྲུ་ཚུ་གི་ ཆང་ཕོར་གུ་ བཀལ་ཐོག་ལས་ ཝ་ཡོ་ཚར་༣ སླབ་ནི་ཡོདཔ་ད་ གཡུས་དེ་གི་ ཁ་སྐད་ནང་ ཝ་ཡོ་ཟེར་མི་དེ་ ལུས་འབྲེལ་འབད་གེ་ཟེར་བའི་ དོན་ཨིན་པས།
ཕྱི་མི་ཚུ་གིས་ ངོ་ཚ་དང་བྲལ་བའི་ བཙོག་གཏམ་དང་ ལུས་འབྲེལ་འབད་བའི་ ཚུལ་སྤྱོད་ཚུ་མཐོངམ་ད་ དགོད་བྲ་སི་སི་དང་ རྒན་གཞོན་དང་ ཕམ་སྤུན་ཚུ་ལུ་ གུས་ཞབས་མེདཔ་ དེ་ལས་ རྩེདམོ་རྩེ་དོ་བཟུམ་སྦེ་ སྣང་བ་འབྱུང་ནི་ཨིན་རུང་ མོང་སྒར་རྫོང་ཁག་ སྐྱིད་བདེ་མཁར་གྱི་ མི་སྡེའི་དོན་ལུ་ འབྱུང་བ་བཞིའི་ རྐྱེན་ངན་ཚུ་ལས་བཟློག་སྟེ་ རང་སོའི་བསམ་དོན་འགྲུབ་ནི་དང་ ཆར་ཆུ་དུས་སུ་འབབ་ ལོ་ཕྱུགས་རྟག་ཏུ་ལེགས་ནི་གི་ རིམ་གྲོ་གལ་གནད་ཅན་ཅིག་ཨིན་པས།
དེ་ཡང་ མི་སྡེ་གིས་ རང་ཟླ་༥ པའི་ཚེས་༨ དང་༩ ལུ་ དུས་ཟ་ཟེར་ ལོ་༢ ཀྱི་བར་ན་ཚར་རེ་ ལྷ་གསོལ་བའི་སྐབས་ལུ་ མི་ག་ར་ གཟབ་སྤྲོས་རྡིག་སྟེ་ གཡུས་ཚན་གྱི་སྦུག་ལུ་ཡོད་མི་ ལྷ་འུང་ངམ་ བར་བཙོང་ཟེར་སར་ སྤུངས་འཛོམས་འབད་ཐོག་ལས་ བརྩི་སྲུང་འབདཝ་མས།

བྱ་བ་ལམ་འགྲོ་ལེགས་ཤོམ་འབྱུང་ཐབས་ལུ་ ཨམ་ཟེར་ཕྱེ་བསྣད་དེ་བཟོ་མི་ མོ་མཚན་ཚུ་ མི་མང་ལུ་ བྱིན་རླབས་སྦེ་ བྱིནམ་མ་ཚད་ རྟེན་འབྲེལ་གྱི་ཚུལ་ལུ་ དཔྱལཝ་གུ་ མར་དབུར་བྱིན་པའི་བསྒང་།

བོན་པོའི་ལྷ་གསོལ་ལུགས།
དུས་ཟ་དེ་ རྩ་བོ་༧ གྱིས་ རང་ཟླ་༥ པའི་ཚེས་༢ ལས་ར་ འགོ་བཙུགས་ཏེ་ བདུན་ཕྲག་ཅིག་གི་རིང་ བརྩི་སྲུང་འབད་དོ་ཡོད་མི་དེ་ཡང་ ཚེས་༢ ལུ་ རྩ་བ་༧ གྱིས་ ལྷ་འུང་ལུ་ སོང་ཞིནམ་ལས་ བོན་པོའི་བླམ་གདན་འདྲེན་ཞུ་སྟེ་ བླ་མའི་ཁ་ཐུག་ལས་ ལྷ་ཞུ་སྟེ་ གསོལཝ་བཏབ་བཞིན་དུ་ རྩ་བ་༧ གྱི་ ཕོ་སྐྱེས་ཚུ་གིས་ ལྷའི་སྲོག་ཤིང་ཟེར་ ཅོ་ཀ་ཤིང་གི་ ཕོ་མཚན་དེ་ རྩ་བོ་༧ གྱི་ ཨམ་སྲུ་ཚུ་གི་ ལྟག་ལྐོག་གུ་ བཀལ་བའི་ཤུལ་ལུ་ ཕོ་སྐྱེས་དང་ ཨམ་སྲུ་གཉིས་ཆ་ར་གིས་ ཝ་ཡོ་ཟེར་ཚར་༣ སྐད་ཤུགས་སྦེ་ རྐྱབ་ཨིན་པས།
དེ་ལས་ རྩ་བོ་ཚུ་གིས་ གླུམ་བསྣད་དེ་བཟོ་བའི་ཆང་དེ་ བོན་པོའི་ཆོས་ལུགས་འཛིན་མི་ བླ་མའི་ཁྱིམ་ནང་ འབག་བསྐྱལ་ཏེ་ ཞག་༥ བཞག་པའི་ཤུལ་ལུ་ རང་ཟླ་༥ པའི་ཚེས་༧ ལུ་ ཆང་ཁ་ཕྱེ་སྟེ་ ལྷ་ལུ་ཕུལཝ་ཨིན་པས།
དེ་གི་ནངས་པར་ རྩ་བོ་༧ གྱིས་ སྦང་ཆང་འབག་སྟེ་ བོན་པོའི་བླམ་དང་གཅིག་ཁར་ ལྷ་འུང་ནང་ འགྱོ་ཞིནམ་ལས་ རྡོ་བཙག་པ་ཟེར་ ལྷའི་ཡབ་བཞུགས་ཁང་དང་ བོན་པོ་ཟེར་ ལྷའི་ཡུམ་བཞུགས་ནིའི་དོན་ལུ་ ཤིང་བཙུགས་ཏེ་ བཟོ་མི་༢ ནང་ སྡོདཔ་ཨིན་པས།
རྡོ་བཙག་པ་གིས་ ཕྱིའི་མགྱོནམ་ གཙོ་ཅན་ཚུ་ལུ་ བསུ་བ་འབད་བའི་ཚུལ་སྦེ་ ཁང་མིག་དེ་ནང་ ཞུ་ཞིནམ་ལས་ སྦང་ཆང་དྲངམ་མ་ཚད་ ཡུམ་གྱིས་ སྤྱིར་བཏང་གི་མགྱོནམ་ཚུ་ལུ་ ཆང་དྲང་ནིའི་དོན་ལུ་ རྩ་བ་༧ ལས་ ཨམ་སྲུ་༧ གྱིས་ ལྷའི་སྲས་མོའི་ཚུལ་སྦེ་ ཆང་དྲངམ་མས།
ཕྱིའི་མགྱོནམ་འོང་རེ་ འོང་ཚད་གཅིགཔོ་ལུ་ སྦང་ཆང་དྲང་པའི་སྐབས་ ཨམ་སྲུ་ཚུ་གིས་ ཝ་ཡོ་ཟེར་ཚར་༣ སླབ་ད་ ཕོ་སྐྱེས་ཚུ་གིས་ ཤིང་གི་ཕོ་མཚན་ཚུ་ ཨམ་སྲུ་ཚུ་གི་ ཨོལ་ལྐོག་གུ་བཀལ་ཏེ་ བཙོག་གཏམ་སླབ་མ་ཚད་ ལུས་འབྲེལ་འབད་བའི་ ཚུལ་སྟོན་ནི་འདུག།
ད་རུང་ བོན་པོའི་བཞུགས་གནས་ བསྐོར་ར་རྐྱབ་སྟེ་ ཕོ་སྐྱེས་ཚུ་གིས་ ཨམ་སྲུའི་ལྟག་ལྐོག་གུ་ ཕོ་མཚན་བཀལ་ཐོག་ལས་ ད་རིས་འདོད་སྤྱོད་མ་འབད་བ་ཅིན་ ནམ་ར་འབད་ལོང་མེད་ཟེར་ ཝ་ཡོ་ཝ་ཡོ་སླབ་ཅི་ར་ བསྐོར་ར་རྐྱབ་མ་ཚད་ ཨམ་སྲུ་ཚུ་གིས་ཡང་ ཕོ་སྐྱེས་ཚུ་གི་ ལྟག་ལྐོག་གུ་ ཤིང་གི་ཕོ་མཚན་བཀལ་ཐོག་ལས་ བསྐོར་ར་རྐྱབ་མི་ཚུ་ འདོད་ཆགས་ལོང་བཅུག་སྟེ་ ལུས་འབྲེལ་འབད་བའི་ ཚུལ་སྟོནམ་ཨིན་པས།
དེ་བསྒང་ ཝ་ཡོ་ཟེར་སླབ་ད་ ཨ་པ་དང་བུམོ་ ཨའི་དང་བུ་ ཨ་ཞང་དང་ཚམོ་ ཨ་ནེ་དང་ཚ་བོ་ ཨ་རྒས་དང་དི་བུམོ་ ཨང་རྒས་དང་དི་བུ་ག་ར་གིས་ ངོ་མ་ཚ་བར་ ཝ་ཡོ་ཟེར་ གུས་ཞབས་དང་ དག་སྣང་གི་སྒོ་ལས་ ལན་སླབ་མ་ཚད་ ལྟདམོ་བལྟ་བར་འོང་མི་ ཕོ་མོ་ཚུ་ལུ་ཡང་ ཕོ་མཚན་འབག་མི་ རྩ་བོ་ཚུ་གིས་ ཁོང་གི་སྐེ་གུ་ བཀལ་ཞིནམ་ལས་ ཝ་ཡོ་ཟེར་སླབ་སྟེ་ བོན་པོའི་ཡུམ་བཞུགས་ཁང་དེ་ བསྐོར་ར་རྐྱབ་ཐོག་ལས་ བྱིན་རླབས་ཞུཝ་ཨིན་པས།
དུས་ཟ་བརྩི་སྲུང་སྐབས་ བོན་པོའི་བླམ་ལས་འགོ་བཙུགས་ རྩ་བོ་༧ གི་ ཕམ་སྤུན་ཆ་དང་ སྤྱིར་བཏང་སྐྱིད་བདེ་མཁར་ལས་ ཁྱིམ་གུང་པ་༨༤ དང་ ཝེང་མཁར་ལས་ གུང་པ་༥༠ དེ་ལས་ གཡག་སྤུ་གང་ལས་ ཁྱིམ་གུང་པ་ ༥༠ དེ་ཅིག་ མི་སེར་ཚུ་གིས་ འདོད་སྤྱོད་འབད་ནི་མེད་རུང་ ཕམ་སྤུན་ཆ་དང་ གཉེན་ཉེཝ་ཚུ་གི་བར་ན་ ངོ་ཚ་ནི་ཚུ་ སྤངམ་ཨིན་པས།
དེ་མ་ཚད་ བདུན་ཕྲག་ཅིག་གི་རིང་ གཡུས་མི་ཚུ་གིས་ སོ་ནམ་དང་ བཟོ་སྐྲུན་གྱི་ལཱ་ ག་ཅི་ར་ཨིན་རུང་ འབད་ཆོགཔ་མ་ཚད་ ཞབས་ཁྲ་འཐེན་ནི་དང་ སྐད་རྐྱབ་ནི་ མདའ་རྩེད་འགྲན་བསྡུར་ཚུ་ཡང་ འབད་ཆོགཔ་ཨིན་པས།
ད་རུང་ ཚེས་༨ དང་༩ ལུ་ རྩ་བོ་༧ གྱིས་ ལྟདམོ་ལྟ་བར་འོང་མི་ཡོངས་ལུ་ ཆང་དྲང་དགོ་པའི་ཁར་ ཨམ་ཟེར་ ཕྱེ་གིས་བཟོ་བའི་ མོ་མཚན་ཚུ་ ལྷ་གི་བྱིན་རླབས་ཨིན་པའི་ཚུལ་སྦེ་ ཨ་ལོ་ལས་འགོ་བཟུང་ མི་ག་ར་ལུ་ བྱིནམ་མ་ཚད་ དཔྱལཝ་གུ་ མར་དབུར་ནི་དང་ གབ་པུ་ཟེར་ སྲནམ་གི་རིགས་ཅིག་ རང་སོའི་དགའ་མཐུན་གྱི་གདོང་གུ་ དབུར་བྱིན་མི་དེ་ཡང་ ལུས་འབྲེལ་འབད་ཚར་བའི་ཤུལ་ལུ་ ལམ་འགྲོ་ལེགས་ཤོམ་འབྱུང་ནི་དང་ མནོ་དོན་འགྲུབ་ཐབས་ལུ་ཨིན་པས།
ལྷ་ གསོལ་ལས་རིམ་དེ་ཡང་ རང་ཟླ་༥ པའི་ཚེས་༢ ལུ་ བོན་པོའི་བླམ་གིས་ ལྷ་ཞུ་མི་དེ་ ཚེས་༩ གི་ཕྱི་རུ་ ཆུ་ཚོད་༥ དང་༦ གི་བར་ན་ བོན་པོའི་བླམ་གིས་ ལྷ་དེ་ ལོག་སྟེ་ར་ ལྷ་ཡུལ་ལུ་གཏངམ་ད་ མི་ཚུ་གིས་ བསངས་བཏང་ ཕྱག་འཚལཝ་ཨིན་པས།
དེ་གི་ཤུལ་ལས་ བཙོག་གཏམ་དང་ ངོ་ཚ་བའི་ ལོ་རྒྱུས་སླབ་ནི་མེད་པའི་ཁར་ མི་ཚུ་ཡང་ རྩ་བོ་ཚུ་གི་ ཁྱིམ་ནང་སོང་སྟེ་ ལེགས་སོའི་གསོལ་རས་ ཏི་རུ་ཚུ་ བཞག་སྲོལ་འདུག།

རྩ་བོ་ཚུ་གི་ ཨམ་སྲུ་ཚུ་གིས་ མགྱོནམ་ཚུ་ལུ་ སྦང་ཆང་དྲང་པའི་བསྒང་།

དུས་ཟའི་རྒྱབ་ཁུངས།
དུས་ཟ་ཟེར་ སླབ་དགོ་མི་དེ་ཡང་ བོན་པའི་བླམ་སྦེ་ ལོ་ངོ་༡༩ འབད་མི་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ སྐྱིད་བདེ་མཁར་ལུ་ གཞིས་གཞི་ཆགས་པའི་སྐབས་ མི་ལེ་ཤ་ཡོད་རུང་ འགྲོས་ཀྱིས་སྦེ་ མི་རབས་ཆད་དེ་ ཨ་རྒས་དང་ ཨང་རྒས་༢ རྐྱངམ་གཅིག་ལུ་ ཐུག་པའི་སྐབས་ མོ་བཏབ་རྩིས་བཏབ་འབདཝ་ད་ ལྷ་ཞུ་སྟེ་ ལྷ་བསྟེན་དགོཔ་སྦེ་ ཐོན་ནུག་ཟེར་ཨིན་པས།
རྒན་རྒས་༢ ཀྱིས་ ལྷའི་ཞིང་ཁམས་ལས་ འཇིག་རྟེན་མི་ཡུལ་ལུ་ སྤྱན་དྲངས་ཏེ་ ལྷའི་སྲོག་ཟེར་ ལྷའི་ཕོ་མཚན་ལུ་བརྟེན་ཏེ་ འདོད་སྤྱོད་འབད་ཞིནམ་ལས་ཚུར་ གཡུས་ཚན་དེ་ནང་ མི་རབས་ཆད་ནི་ལས་ བཀག་ཚུགས་ནུག་ཟེར་ སྐྱེས་ལོ་༥༠ ལང་མི་ བོན་པོའི་བླམ་ ཚེ་རིང་རྡོ་རྗེ་གིས་ སླབ་ཨིན་པས།
རྩ་བོ་༧ གྱི་མི་བརྒྱུད་ཅིག་ཨིན་མི་ ཝེང་མཁར་ལས་ སྐྱེས་ལོ་༦༥ ལང་མི་ སེངྒེ་རྡོ་རྗེ་གིས་ སླབ་མིའི་ནང་ གཡུས་དེ་ནང་ལས་ སེམས་ཅན་ལུ་ སྤྲུལ་ཚུགས་མི་ སྒོམ་ཆེན་ཅིག་གིས་ བྱ་ཕོཝ་མ་སྐྱེས་(ཕ་ཝང་)ལུ་སྤྲུལ་ཏེ་ ལྷ་ཡུལ་ལུ་ལྷོད་པའི་སྐབས་ ལྷའི་སྲསམོ་༧ འབད་མི་ཡབ་དང་ ཡུམ་བཞུགས་སར་ལྷོད་ནུག་ཟེར་ཨིན་པས།
ཕོཝ་མ་སྐྱེས་ཀྱིས་ ལྷའི་གཟིམ་ཅུང་ནང་ གོ་ལ་འཐག་ནིའི་དོན་ལུ་ སྐུདཔ་བཙུགས་བཞག་མི་ ཅ་ཆས་ནང་ འཛུལ་སྡོདཔ་ད་ ལྷའི་སྲསམོ་སྦོམ་ཆུང་ག་ར་གིས་ ཡབ་དང་ ཡུམ་ལུ་ སྐོར་རྒྱབ་ཐོག་ ཆང་དྲང་པར་འགྱོ་སར་ མཐོང་ནུག་ཟེར་ཨིན་པས།
དེ་བསྒང་ ལྷའི་ཡབ་ཡམ་ལུ་ ཆང་དྲང་པར་ ལྷའི་སྲསམོ་འོང་ཚད་གཅིགཔོ་ལུ་ སྒོམ་ཆེན་ཕོཝ་མ་སྐྱེས་ཀྱིས་ ཁོ་གི་གནསམོ་སྦེ་གནང་ཟེར་ ཡབ་ཡུམ་ལུ་ ཞུ་བའི་སྐབས་ མི་ཅིག་གི་ སྐད་གོཝ་ལས་ ག་ཨིན་ན་ འཚོལ་བར་བཏངམ་ད་ སྲསམོ་སྦོམ་ཤོས་༦ ལས་ ག་གིས་ཡང་ འཚོལ་མ་ཐོབ་པས་ཟེར་ཨིན་པས།
ཨིན་རུང་ སྲསམོ་ཆུང་ཤོས་ཀྱིས་ ཆང་དྲངམ་ད་ ཡབ་ཡུམ་གྱི་བཀའ་དང་འཁྲིལ་ འཚོལ་བའི་སྐབས་ སྐད་རྐྱབ་མི་དེ་ སྒོམ་ཆེན་ཕ་ཝང་ཨིན་པས་ཟེར་ ཞུ་བའི་ཤུལ་ལུ་ ཕ་ཝང་དེ་ཡང་ གཟིམ་ཅུང་ནང་ ཞུ་ཡོདཔ་ད་ ཕོཝ་མ་སྐྱེས་ཀྱིས་ འཇིག་རྟེན་མི་ཡུལ་ལུ་ མི་རབས་ཆད་ནི་གུ་ ལྷོད་དེ་ཡོདཔ་ལས་ ལྷ་ཅིག་བསྟེན་དགོཔ་སྦེ་ མོ་བཏབ་རྩིས་བཏབ་ནང་ ཐོན་ཡོད་མི་ལུ་བརྟེན་ གསོལཝ་བཏབ་པར་ ལྷ་ཡུལ་ལུ་ ཁོ་ བཏང་ཡི་ཟེར་ ཞུཝ་བཞིན་དུ་ ལྷའི་སྲསམོ་ཆུང་ཤོས་དེ་ འཇིག་རྟེན་མི་ཡུལ་ལུ་ བཏང་པའི་ཤུལ་ལས་ མི་རློབས་དར་ནུག་ཟེར་ཨིན་པས།
དེ་འབདཝ་ལས་ ལྷ་ལུ་ བཀྲིན་དགའ་ཚོར་ཞུ་ནིའི་དོན་ལུ་ བོན་པོའི་བླམ་དང་ རྒན་རྒས་༢ ཀྱི་ བུ་གཞི་ཚུ་གིས་ བརྩི་སྲུང་ཞུ་བའི་ཤུལ་ལས་ གཡུལ་ལྷ་གསོལ་ནིའི་སྲོལ་ དར་ཁྱབ་སོང་ནུག།
བོན་པོའི་བླམ་དེ་ སྒོམ་ཆེན་ཕོཝ་མ་སྐྱེས་དང་ ཨ་རྒས་དང་ ཨང་རྒས་དེ་ ལྷའི་ཡབ་དང་ཡུམ་ དེ་ལས་ རྩ་བོ་༧ པོ་དེ་ ལྷའི་ཡབ་དང་ཡུམ་གྱི་ སྲསམོ་༧ ཨིནམ་སྦེ་ ཆ་བཞགཔ་ཨིནམ་ད་ རྩ་བོ་༧ དེ་ རྒན་རྒས་༢ ཀྱི་ བུ་གཞི་ཚུ་ཨིན་པས།

རྩ་བོ་ཚུ་གིས་ ཝ་ཡོ་ཟེར་སྐད་རྐྱབ་སྟེ་ མགྱོནམ་ཚུ་ བོན་པོ་བཞུགས་ཁང་ནང་ བསུ་ལེན་འབད་བའི་བསྒང་།

འགོ་འདྲེན་པ་ རྩ་བོ་༧ ལུ་གདོང་ལེན།
རྩ་བོ་༧ གྱི་གྲས་ལས་ ངག་དབང་སྒྲོལ་མ་གིས་ སླབ་མིའི་ནང་ གཡུས་ལྷ་གསོལ་བའི་སྐབས་ ལྷ་འུང་ལུ་ བླམ་ཆོསཔ་ཚུ་ འོང་མ་ཆོག་པའི་ཁར་ མགུ་ཏོ་གུ་ ཞྭམོ་བཙུགས་ནི་དང་ སྐད་རྐྱབ་ནི་ ཁ་འཐབ་ཚིག་འཐབ་འབད་ནི་ དེ་ལས་ རྩ་བོ་༧ གྱི་ ཕམ་སྤུན་ཆ་ཚུ་ བདུན་ཕྲག་ཅིག་གི་རིང་ ཤ་རིག་བཟའ་སྤྱོད་འབད་ནི་དང་ མི་ཤི་ས་དང་ ན་མིའི་ཁྱིམ་ནང་འགྱོ་ནི་ དེ་ལས་ སྨན་ཁང་ནང་ འགྱོ་ནི་ཚུ་ རྩ་ལས་མི་བཏུབ་ཟེར་ཨིན་པས།
གལ་སྲིད་ རྩ་བོ་ཚུ་གིས་ དུས་ཚོད་དེ་གི་ནང་ ཤ་རིགས་ཟ་ཡོདཔ་ ཡང་ཅིན་ ཤི་སྒྲིབ་སྐྱེས་སྒྲིབ་ གཉེན་སྒྲིབ་ལ་སོགས་པ་ ཕོག་ ཡོད་པ་ཅིན་ དེ་འཕྲོ་ལས་ མིག་ཏོ་ན་ནི་དང་ རྐང་ལག་ལུ་ ཐོ་ཕོག་སྟེ་ ཞརཝ་ཐལ་ནི་དང་ ལྷ་གསོལ་དེ་ ལོ་༢ ནང་ཚར་རེ་ འབད་མ་ཚུགས་པ་ཅིན་ གཡུས་ཁ་ལུ་ ནད་ཡམས་མུ་གེ་འཐོན་ནི་དང་ ནང་འཁྲུགས་ལང་ནི་ དེ་ལས་ འབྱུང་བ་བཞིའི་རྐྱེན་ངན་ཚུ་ ཐོན་ཏེ་ ལོ་ཐོག་ཡང་ ལེགས་ཤོམ་མི་འོང་ཟེར་ ངག་དབང་སྒྲོལ་མ་གིས་ སླབ་ཨིན་པས།
ད་རུང་ སྐྱེས་ལོ་༣༣ ལང་མི་ རྩ་བོ་པ་སངས་རྡོ་རྗེ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཝ་ཡོ་ཟེར་སླབ་སྟེ་ ཕྱིའི་མགྱོནམ་ འོང་མི་ ཆ་མཉམ་ལུ་ ཕོ་མཚན་དེ་ ལྟག་ལྐོག་གུ་བཀལཝ་ད་ གུས་ཞབས་དང་བཅས་ ངོས་ལེན་འབད་ནི་ཡོད་རུང་ ད་རེས་ནངས་པར་ ངོས་ལེན་འབད་ནི་ཕར་བཞག་ ཁ་ཉེས་བཀལ་ནི་འདུག་ཟེར་ཨིན་པས།
དེ་འབདཝ་ད་ འགོ་འདྲེན་པ་༧ ལུ་ གདོང་ལེན་སྦོམ་ཤོས་ར་ དུས་ཟ་ཚར་རེ་ བརྩི་སྲུང་འབདཝ་ད་ དངུལ་ཀྲམ་སྟོང་ཕྲག་༥༠ ལྷགཔ་རེ་ ཟད་འགྲོ་བཏང་དགོཔ་དང་ བཟའ་འཐུང་གི་རིགས་ཡང་ ཕག་ཤ་དང་ ནོར་ཤ་ཚུ་ གྲ་སྒྲིག་འབད་དགོ་པའི་ཁར་ ཕོ་མཚན་དང་ མོ་མཚན་བཟོ་ནིའི་དོན་ལུ་ ལས་མི་འཚོལ་དགོཔ་ལས་ ཞག་མ་ཉལ་བར་ ལཱ་ལེ་ཤ་འབད་དགོ་མི་དེ་ཨིན་པས།
གཡག་སྤུ་སྒང་ལས་ སྐྱེས་ལོ་༨༡ ལང་མི་ གྲོང་ཆོསཔ་པ་སངས་ཀྱིས་ སླབ་མིའི་ནང་ ལྷ་དེ་ ཞུ་བའི་ཤུལ་ལུ་ མོང་སྒར་དང་ སྔ་ཚང་ ཐེམ་ནང་སྦིས་གཡུས་ཚན་༣ གྱིས་ ལྷའི་སྐུ་དེ་ བརྟེན་ཡོདཔ་ལས་ མྱོང་ཟ་ཟེར་ ལོ་༡༢ ལངམ་ད་ བརྩི་སྲུང་འབད་སྲོལ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ སྐྱིད་བདེ་མཁར་དང་ གཡག་སྤུ་གང་ དེ་ལས་ ཝེང་མཁར་སྤྱི་འོག་༣ གྱི་ མི་སེར་ཚུ་གིས་ ལྷའི་སྲོག་ལུ་ བརྟེན་ཡོདཔ་ད་ ས་གླིང་རྒེད་འོག་གི་ མི་སེར་ཚུ་གིས་ ལྷ་ལས་ ཉལ་ནི་གི་ བྱིན་བརླབས་ཞུ་ཡོདཔ་ལས་ མི་སེར་ཚུ་ ཉལ་ཐོག་ལས་ བརྩི་སྲུང་ཞུ་སྲོལ་ཡོད་ཟེར་ སླབ་ཨིན་པས།
དེ་འབདཝ་ད་ རྒྱལ་ཁབ་གོང་འཕེལ་འགྱོཝ་དང་འབྲེལ་ འབྲི་ལྷག་གི་ ཤེས་ཡོན་ཡོད་མི་ ན་གཞོན་ཚུ་ གྲོང་གཡུས་ལས་ ཁྲོམ་སྡེ་ལུ་ གནས་སྤོ་འགྱོ་བའི་ དཀའ་ངལ་ལུ་བརྟེན་ གཡུས་ལྷ་གསོལ་ནིའི་ ལམ་སྲོལ་དེ་ ཉམས་འགྱོ་དོ་ཡོད་པའི་ མངོན་གསལ་བྱུངམ་ཨིན་པས།
སྐྱིད་བདེ་མཁར་ལས་ སྐྱེས་ལོ་༨༡ ལང་མི་ ཚེ་རིང་བཟང་མོ་གིས་ སླབ་མིའི་ནང་ ས་གནས་ཀྱི་ མི་སྡེ་གིས་ རྩ་བོ་༧ ལུ་ རྒྱབ་སྐྱོར་མ་འབད་བ་ཅིན་ ལམ་ལུགས་དེ་ ཡལ་ཉམས་ཐལ་ནི་གི་ ཉེན་ཁ་འདུག་ཟེར་ཨིན་པས།
སྐྱིད་བདེ་མཁར་སྤྱི་འོག་གི་ཚོགས་པ་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ གཡུལ་ལྷ་གསོལ་བའི་ བདུན་ཕྲག་སྐབས་ གཡུས་མི་ཚུ་གིས་ སོ་ནམ་གྱི་ ལཱ་འབད་མ་བཏུབ་པའི་ཁར་ ཞབས་ཁྲ་འཐེན་ནི་དང་ སྐད་རྐྱབ་ནི་ དེ་ལས་ མདའ་རྩེད་ནི་ཚུ་ འབད་མ་ཆོགཔ་སྦེ་ཡོད་རུང་ གཡུས་ཚན་ལ་ལོ་ཅིག་ནང་ མདའ་རྩེད་འགྲན་འབད་མི་ཡང་ཡོདཔ་ལས་ ལམ་སྲོལ་ལུ་ གུས་ཞབས་མེད་པའི་ བརྡ་མཚོན་སྟོནམ་མས་ཟེར་ཨིན་པས།
གནད་དོན་དེ་གི་སྐོར་ལས་ རྫོང་ཁག་དང་ རྒེད་འོག་བདག་སྐྱོང་ལུ་ སྙན་ཞུ་འབད་ཡོད་རུང་ .ངོས་ལེན་འབད་མ་བཏུབ་ལས་ .སེམས་ཕམ་བྱུང་ཡི་ཟེར་ ཚོགས་པ་གིས་ བཤདཔ་ཨིན་པས།
མོང་སྒར་གྱི་རྒཔོ་ བསྟན་འཛིན་དབང་ཕྱུག་གིས་ སླབ་མིའི་ནང་ གཡུས་ལྷ་སྲོལ་ནི་དེ་ གཞན་དང་མ་འདྲཝ་ཅིག་སྦེ་ཡོདཔ་ལས་ མི་ཉམས་གོང་འཕེལ་གཏང་ཐབས་ལུ་ རྒེད་འོག་ལས་ མ་དངུལ་གྱི་ རྒྱབ་སྐྱོར་དང་ རྫོང་ཁག་སྲོལ་འཛིན་དང་ འབྲེལ་འཐབ་ཞིནམ་ལས་ ལམ་སྲོལ་གྱི་གྲངས་སུ་ བཙུགས་དགོ་པའི་སྐོར་ རྒེད་འོག་ཚོགས་སྡེ་ནང་ གྲོས་བསྡུར་འབད་འོང་ཟེར་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *