བཟོ་སྐྲུན་ཡུན་འགྱངས་ལུས་མི་ ཆུ་མཛོད་ཁང་།

དུས་ཚོད་ཐེངས་༢ ཕར་འགྱངས་འབད་རུང་ ཆུ་མཛོད་བཟོ་སྐྲུན་ཀྱི་ལཱ་ མཇུག་བསྡུ་མ་ཚུགས་པར་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་ནང་ སྡོད་མི་ཚུ་ལུ་ ཧེ་མ་ལས་ འཐུང་ཆུ་མ་ལང་པའི་ དཀའ་ངལ་ཡོད་པའི་ཁར་ ད་ལས་ཕར་ཡང་ བསལ་མ་ཚུགས་པར་ འཕྲོ་མཐུད་དེ་ར་ གནས་ནི་ཨིན་པས།

དེ་ཡང་ ཁྲོམ་སྡེ་ནང་ འཐུང་ཆུ་མ་ལང་པའི་ དཀའ་ངལ་སེལ་ཐབས་ལུ་ པིན་ཅི་ནང་ངམ་ ཡོངས་གྲགས་ལུ་ ཅར་ཀི་ལོ་ལུ་ ཆུ་ལེགས་བཅོས་ཁང་དང་ ཆུ་མཛོད་ལ་སོགས་པ་ཚུ་ བཟོ་སྐྲུན་འབད་དོ་ཡོད་མི་དེ་ དུས་ཚོད་ཐེངས་༢ ཕར་འགྱངས་འབད་རུང་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་མི་ལུ་བརྟེན་ཨིན་པས།

ནེ་པཱལ་ལས་ ཏུན་ཌི་དང་ འབྲུག་ལས་ རྟ་མཆོག་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ བཟོ་སྐྲུན་འབད་དོ་ཡོདཔ་མི་ ལས་འགུལ་དེ་ དུས་ཚོད་དང་འཁྲིལཝ་ད་ འདས་པའི་ཟླཝ་ནང་ མཇུག་བསྡུ་དགོཔ་ཨིནམ་བཞིན་དུ་ དེ་ལུ་ཟད་འགྲོ་དངུལ་ཀྲམ་ས་ཡ་༨༩ གནས་ནི་ཨིན་པས།

ཁག་འབགཔ་གིས་ ཞབས་ཏོག་ལྷན་ཁག་ལུ་ཕུལ་མི་ ཡི་གུ་ནང་ བཀོད་མི་དང་འཁྲིལཝ་ད་ ལག་ལེན་འཐབ་རིག་དང་ འབོར་ཚད་ཀྱི་ རྩིས་འཛིན་གྱི་བར་ན་ ཆ་མཐུན་མ་མཐོང་མི་དེ་ཡང་ རྩིས་འཛིན་ནང་ ཆ་ཤས་༡༧ མ་ཚང་པར་ཡོདཔ་སྦེ་ མཐོང་མི་ལུ་བརྟེན་ཨིནམ་ད་ རིན་བསྡུར་དེ་ མཁས་མཆོག་ཚུ་གིས་ གྲ་སྒྲིག་འབད་ཡོདཔ་ལས་ རེ་བ་མ་བསྐྱེད་ཟེར་ཨིན་པས།

ཀུན་གསལ་གྱིས་ འགྲུལ་འཕྲིན་ཐོག་ལས་ ལས་འགུལ་གྱི་ ས་ཁོངས་བཟོ་རིག་འགོ་དཔོན་དང་གཅིག་ཁར་ གནད་དོན་དེ་གི་སྐོར་ལས་ འབྲེལ་འཐབ་པའི་སྐབས་ ག་ནི་ཡང་ སླབ་མ་བཏུབ།

ཡི་གུ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ གནད་དོན་དེ་ མཐོང་བའི་ཤུལ་ལས་ འབོར་ཚད་ཀྱི་ རྩིས་འཛིན་གྲ་སྒྲིག་འབད་མི་ སྡེ་ཚན་གྱིས་ གནས་ཚད་ཀྱི་ བྱ་སྒོའི་ལམ་ལུགས་དང་ ཡང་ཅིན་ འབྲུག་གནས་གོང་གི་ ལས་རིམ་དང་འཁྲིལ་བར་ བཟོ་མི་དེ་གིས་ དཀའ་ངལ་བྱུང་ཡོདཔ་སྦེ་ ཤེས་རྟོགས་བྱུང་ཡི་ཟེར་ཨིན་པས།

དེ་ལས་ འཕྲལ་ཁམས་ཅིག་ཁར་ གློག་ཐག་དང་འབྲེལ་བའི་ རི་མོ་བྱིན་པའི་སྐབས་ རིན་བསྡུར་ཡི་གུ་ནང་ ཆུ་འཐེན་ནིའི་དོན་ལུ་ གློག་ཐག་དང་ གློག་ཐག་འཐེན་ནིའི་ཅ་ཆས་ཚུ་ བྱིན་ཡོདཔ་སྦེ་མཐོང་ཡོད་རུང་ ས་ཁོངས་ནང་ ལཱ་ངོ་མ་འབད་བའི་སྐབས་ སའི་འོག་ལུ་ བཙུགས་དགོཔ་སྦེ་ སླབ་མི་ལུ་བརྟེན་ དེ་གིས་ དངུལ་ཀྲམ་ས་ཡ་༠.༤༥ དེ་ཅིག་ ཐེབས་གནསཔ་མས་ཟེར་ ཡི་གུ་ནང་བཀོད་ནུག།

གནས་ཚུལ་བྱིན་མི་ཅིག་གིས་ སླབ་མིའི་ནང་ འབོར་ཚད་ཀྱི་རྩིས་འཛིན་ནང་ ཆ་ཤས་༡༧ མ་ཚང་པར་ཡོད་རུང་ ལས་འགུལ་དེ་ མི་མང་ལུ་ཕན་པའི་ ལས་འགུལ་ཅིག་འབདཝ་ལས་ ཁག་འབགཔ་གིས་ ཆ་ཤས་ལ་ལོ་ཅིག་ མཁོ་སྒྲུབ་འབད་ཡོདཔ་བཞིན་དུ་ ཀེ་མི་ཀཱལ་བིལ་སྒྲིང་དེ་ བཞག་ཞིནམ་ལས་ ཆ་ཤས་གཞན་མི་ཚུ་ཡང་ མཁོ་སྒྲུབ་འབད་དེ་ ལཱ་འཕྲོ་མཐུད་འབད་ནིའི་དོན་ལུ་ ལྷན་ཁག་དང་གཅིག་ཁར་ བདེ་སྒྲིག་འབད་ནིའི་ འོས་འབབ་བལྟ་དོ་ཟེར་ཨིན་པས།

ཁག་འབགཔ་གིས་ ལས་འགུལ་མཇུག་བསྡུ་ནིའི་དོན་ལུ་ ད་རུང་ དུས་ཡུཟན་ཟླཝ་༥ དགོཔ་སྦེ་ ལྷན་ཁག་ལུ་ ཞུ་བ་འབད་ཡོདཔ་བཞིན་དུ་ ལྷན་ཁག་གིས་ དུས་ཚོད་མ་གནང་མི་ལུ་བརྟེན་ གནས་སྐབས་ཅིག་ ལས་འགུལ་དེ་ མཚམས་འཇོག་འབད་ནི་ཨིན་ཟེར་ ཁག་འབགཔ་གིས་ ལྷན་ཁག་ལུ་ཕུལ་མི་ ཡི་གུ་ནང་བཀོད་ནུག།

ལྷན་ཁག་གིས་ ཁག་འབགཔ་ལུ་བྱིན་མི་ ཡི་གུ་ནང་ བཀོད་མི་དང་འཁྲིལཝ་ད་ ཆ་ཤས་མ་ཚང་མི་དང་ རིན་བསྡུར་ཡིག་ཆ་ནང་ ཆ་མཐུན་མེད་མིའི་སྐོར་ལས་ རིན་བསྡུར་གྱི་ཧེ་མའི་ ཞལ་འཛོམས་དང་ རིན་བསྡུར་མ་བཙུགས་པའི་ཧེ་མ་ གནད་དོན་དེ་གི་སྐོར་ལས་ སླབ་ནི་མིན་འདུག་ཟེར་ཨིན་པས།

དེ་ལས་ ལག་ལེན་ཐབས་རིག་དང་ རིན་བསྡུར་ནང་ དགོས་མཁོ་ཡོད་མི་ དེ་ལས་ རིན་བསྡུར་ནང་བཀོད་མི་ གནས་གོང་ཚུ་གི་སྐོར་ རིན་བསྡུར་དབྱེ་དཔྱད་སྐབས་ དོགས་སེལ་འབད་དེ་ ལྷན་ཁག་ལུ་ ཆ་འཇོག་གི་ ཡི་གུ་བྱིན་ཡོདཔ་ལས་ གནད་དོན་དེ་ལུ་ ལོག་བསྐྱར་ཞིབ་འབད་ཐབས་ མིན་འདུག་ཟེར་ ཡི་གུའི་ནང་བཀོད་ནུག།

ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་ལས་ སྐྱིན་འགྲུལ་གྲོགས་རམ་ཐོག་ལས་ རྐྱབ་དོ་ཡོད་མི་ ལས་འགུལ་དེ་ནང་ ནང་ལེན་ལྕགས་སྐུད་ ཆུ་ལེགས་བཅོས་ཁང་དང་ ཆུ་མཛོད་ དེ་ལས་ ཆུ་བཀྲམ་སྤེལ་གྱི་ རྒྱུན་ལམ་ལ་སོགས་པ་ཚུ་ བཟོ་སྐྲུན་འབད་ནི་ཨིནམ་བཞིན་དུ་ ལས་འགུལ་གྱི་ དུས་ཡུན་དེ་ ཟླཝ་༡༨ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *