དུས་ཐུང་གློག་བརྙན་ཚུ་ ཁྱབ་སྤེལ་འབད་ནི་ལས་འཛེམ་དགོཔ།

༉ འཕྲལ་ཁམས་ཅིག་ཁར་ ཀ་བཞི་རྒེད་འོག་གི་ སྦས་གླང་བྲག་གཡུས་ཚན་ནང་ སྐྱེས་ལོ་༥ དང་༦ ལང་མི་བུཚ་གཉིས་ འཐབ་འཛིང་འབད་བའི་ དུས་ཐུང་གློག་བརྙན་ཅིག་ བཟོ་ཡོད་མི་དེ་ མི་སྡེ་བརྡ་བརྒྱུད་ནང་ ཁྱབ་སྤེལ་སོང་ཡོདཔ་བཞིན་དུ་ ཉི་ཤོ་རྒེད་འོག་གི་ ཀུན་བཟང་གླིང་གཡུས་ཚན་ནང་ཡང་ ཕོ་སྐྱེས་༢ དང་ ཨམ་སྲུ་༡ ཅིག་གིས་ སྐྱེས་ལོ་༤ ལས་༦ གི་བར་ན་འབད་མི་ ཨ་ལོ་ཚུ་ལུ་ ཆང་འཐུང་བཅུག་ནུག།

དབང་འདུས་ཕོ་བྲང་ལུ་ གནད་དོན་ཁག་༢ བྱུང་མི་དེ་ བརྡ་བརྒྱུད་ལུ་ སྙན་ཞུ་འབད་ཡོད་རུང་ འདི་བཟུམ་མའི་ བྱུང་རྐྱེན་དེ་ དབང་འདུས་ཕོ་བྲང་རྐྱངམ་གཅིག་ནང་མེན་པར་ དམིགས་བསལ་དུ་ རྒྱལ་ཁབ་ཀྱི་ མཐའ་ཟུར་གཡུས་ཚན་ཚུ་ནང་ འཕྲལ་འཕྲལ་སྦེ་ར་ ཐོན་དོ་ཡོད་པའི་ མངོན་གསལ་བྱུངམ་ཨིན་མས།

ང་བཅས་རའི་ ལམ་སྲོལ་ནང་ ཆང་གི་ཐད་ཁར་ ངེས་པར་དུ་ ལག་ལེན་འཐབ་མི་ལུ་བརྟེན་ ན་ཆུང་བུཚ་ཚུ་ལུ་ ཆང་འཐུང་བཅུག་པའི་ རྒྱུད་སྐུལ་འབད་རུང་ ང་བཅས་ཀྱིས་ སྣང་མེད་སྐྱུར་བཞག་མི་དེ་ མ་བཏུབ་ཅིག་ཨིན་མས།

འདི་བཟུམ་མའི་ གནད་དོན་དང་ དཀའ་ངལ་ཚུ་ མང་ཤོས་ར་ ཕམ་ཡ་བྲལ་སོང་མི་དང་ ཆང་ལུ་ཤུགས་ཐལ་མི་ ཕམ་ཚུ་གི་ཨ་ལོ་དང་ ལམ་སྟོན་ལེགས་ཤོམ་མ་འཐོབ་མི་ ན་གཞོན་ཚུ་ལུ་ བྱུངམ་ཨིན་མས།

ཕྱོགས་གཅིག་ལས་བལྟ་བ་ཅིན་ ཁྲོམ་སྡེ་ཚུ་ནང་ ག་ཏེ་ལྟ་རུང་ ཉེ་བར་མཁོ་བའི་ ཅ་ཆས་ཚུ་དང་ཕྱདཔ་ད་ ཆང་མང་སུ་སྦེ་ མཐོང་དོ་ཡོདཔ་ད་ གཡུས་ཚན་ཚུ་ནང་འབད་བ་ཅིན་ ནང་འདྲེན་འབད་མི་དང་ གཡུས་ཆང་ཚུ་ འབོལ་དྲགས་སྦེ་ མཐོངམ་ཨིན་མས།

མི་སྡེའི་དཀའ་ངལ་ཚུ་ཡང་ གཙོ་བོ་ ཆང་ལུ་བརྟེན་འབྱུང་དོ་ཡོད་པའི་ ཉེན་བརྡ་འབད་རུང་ ཐ་ན་ ཁྲོམ་གྱི་ས་ཁོངས་ཚུ་ནང་ ཧེ་མ་དང་ཕྱདཔ་ད་ གཡུས་ཆང་བཙོང་མི་ ལེ་ཤ་ཐོནམ་ཨིན་མས།

ཆང་དང་ ཆང་ལུ་བརྟེན་པའི་ གནད་དོན་ཚུ་ལུ་ གདོང་ལེན་འབད་མ་ཚུགས་ནི་དེ་གིས་ ལོ་བསྟར་བཞིན་དུ་ ཆང་ནད་ཐོབ་སྟེ་ ཤི་རྐྱེན་བྱུང་མིའི་གྱངས་ཁ་ ཡར་སེང་འགྱོ་དོ་ཡོདཔ་ད་ སྨན་ཁང་ཚུ་ནང་བལྟ་རུང་ ཆང་དང་འབྲེལ་བའི་ ནད་གཞི་ཐོབ་མི་ ནདཔ་ལེ་ཤ་མཐོངམ་ཨིན་མས།

ཆང་ནད་ཟུན་མི་ནདཔ་ཅིག་ སྨན་བཅོས་འབད་ནིའི་དོན་ལུ་ ཚོད་རྩིས་དང་འཁྲིལཝ་ད་ དངུལ་ཀྲམ་༡༢༢,༠༠༠ དེ་ཅིག་ གཞུང་ལུ་ སྐུ་གྱོང་ཕོག་དོ་ཡོདཔ་ད་ སྣུམ་འཁོར་ཐུག་རྐྱེན་དང་ ཤི་རྐྱེན་ དེ་ལས་ ནང་འཁོད་རྩུབ་སྤྱོད་ཚུ་ཡང་ གཙོ་བོ་ར་ ཆང་ལུ་བརྟེན་བྱུངམ་ཨིན་མས།

དཀའ་ངལ་འདི་ སེལ་ཐབས་འབད་ནིའི་དོན་ལུ་ ཐབས་ལམ་ཚུ་ བཏོན་ཡོདཔ་ཚད་ སྤྱི་ཚོགས་ནང་འབད་རུང་ གྲོས་བསྟུན་མང་རབས་ཅིག་གནང་ཡོད་རུང་ ད་ལྟོ་ཚུན་ གྲུབ་འབྲས་ཅིག་ ག་ནི་ཡང་ འཐོན་ནི་མེདཔ་ལས་ དྲན་ཚོར་འབད་དགོཔ་འདུག།

དེ་ལས་ གནས་སྟངས་ག་ཅི་བཟུམ་འབྱུང་རུང་ མི་ཚུ་གིས་ དེ་འཕྲོ་ལས་ འགྲུལ་འཕྲིན་ལག་ལེན་འཐབ་སྟེ་ པར་བཏབ་ནི་དང་ གློག་བརྙན་ཚུ་བཟོ་ཞིནམ་ལས་ མི་སྡེ་བརྡ་བརྒྱུད་ནང་ ཁྱབ་སྤེལ་འབད་མི་དེ་ལུ་ ཁྲིམས་འགལ་ཨིན་ན་མེན་ནའི་སྐོར་ལས་ དཔྱད་ཞིབ་འབད་ནི་མེདཔ་ལས་ མཐའན་མཇུག་ཁར་ ནང་དོག་སར་ཚུདཔ་ཨིན་མས།

རྒྱུ་མཚན་འདི་ལུ་བརྟེན་ འབྲེལ་ཡོད་དབང་འཛིན་ཚུ་གིས་ མི་སྡེ་བརྡ་བརྒྱུད་ཚུ་ ལག་ལེན་འཐབ་ཐངས་ཀྱི་སྐོར་ལས་ དམིགས་བསལ་དུ་ མཐའ་ཟུར་གཡུས་ཚུ་ནང་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་ཚུགས་པ་ཅིན་ དོན་མེད་ཀྱི་བྱུང་རྐྱེན་ཚུ་ བཀག་ཐབས་འབད་ནི་ལུ་ ཕན་ཁྱད་འབྱུང་ཚུགས།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *