༉ ད་ལྟོ་ ཨེ་པཱལ་ཕྱིར་ཚོང་འཐབ་ནི་གི་ དུས་ཚོད་འགོ་བཙུགསཔ་དང་འབྲེལ་ ཕུན་ཚོགས་གླིང་ལུ་ ཨེ་པཱལ་ལེགས་ཤོམ་ཚུ་ སྒྲོམ་རེ་ལུ་ དངུལ་ཀྲམ་༨༠༠ དང་༩༠༠ གི་བར་ན་ ཐོབ་དོ་ཡོད་རུང་ འདས་པའི་བདུན་ཕྲག་༢ དང་ཕྱདཔ་ད་ གོང་ཚད་དུམ་གྲ་ཅིག་ མར་བབས་སོ་ཡི་ཟེར་ ཕྱིར་ཚོང་འཐབ་མི་ཚུ་གིས་ བཤདཔ་ཨིན་པས།
ཨེ་པཱལ་ལེགས་ཤོམ་ཚུ་ ཀེ་ཇི་༡༨ དང་༢༠ བར་ན་འབད་མི་ སྒྲོམ་རེ་ལུ་ དངུལ་ཀྲམ་༩༠༠ དང་༡,༠༠༠ གི་བར་ན་ སྡོད་ཡོདཔ་ཨིན་པས།
གོང་ཚད་ལེགས་ཤོམ་མ་ཐོབ་མི་དེ་ཡང་ ཨེ་པཱལ་ཚུ་གི་ སྤུས་ཚད་བྱང་ཉེས་དང་ ཨེ་པཱལ་མ་ཁུགཔ་ལས་ར་ བཏོག་ནི་དེ་གིས་ཨིན་མས་ཟེར་ ཨེ་པཱལ་ཕྱིར་ཚོང་པ་ཚུ་གིས་ བཤདཔ་ཨིན་པས།
ཨེ་པཱལ་འཛུགས་སྐྱོང་འབད་མི་ཚུ་གིས་ ཨེ་པཱལ་ལེགས་ཉེས་ཕྱིར་སེལ་མ་རྐྱབ་པར་ འབག་འོང་མི་དེ་གིས་ གོང་ཚད་ལུ་ ཐོ་ཕོགཔ་མས་ཟེར་ སེངྒེ་ཚོང་འབྲེལ་གྱི་ཇོ་བདག་གིས་ བཤད་པའི་ཁར་ ཨེ་པཱལ་བཙོང་པར་ འབག་འོང་མི་ཚུ་གིས་ སྒྲོམ་གྱི་ལྟག་ལུ་ ཨེ་པཱལ་གྱི་ སྤུས་ཚད་ལེགས་ཤོམ་ཡོད་མི་ གསལ་སྟོན་འབདཝ་ཨིན་རུང་ འོག་ལས་ཅོག་འཐདཔ་ སྤུས་ཚད་ཅོག་འཐདཔ་མི་འོང་པས་ཟེར་ བཤདཔ་ཨིན་པས།
དེ་འབདཝ་ལས་ འབྲུག་གི་སོ་ནམ་པ་དང་ བཀྲམ་སྤེལ་བ་ཚུ་ལུ་ ཨེ་པཱལ་ལེགས་ཤོམ་སྦེ་ བཏོག་ཐངས་དང་ སྒྲོམ་རྐྱབ་ཐངས་ཚུ་ ལྷབ་སྦྱང་འབད་དགོཔ་འདུག་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཨིན་རུང་ ཐིམ་ཕུག་དང་ སྤ་རོའི་སོ་ནམ་པ་ལ་ལོ་གིས་ ཨེ་པཱལ་ལེགས་ཤོམ་ཡོད་མི་དང་ མེད་མི་ཚུ་ ཕྱི་སེལ་རྐྱབ་མས་ཟེར་ ཕྱིར་ཚོང་པ་ཚུ་གིས་ བཤདཔ་ཨིན་པས།
ཁོང་གིས་འབད་བ་ཅིན་ རྒྱ་གར་ཧི་མ་ཅཱལ་པར་དེཤ་ལས་ཐོན་མི་ ཨེ་པཱལ་ཚུ་ལུ་བརྟེན་ འབྲུག་གི་ཨེ་པཱལ་ཚུ་གི་ ཚོང་འབྲེལ་ལུ་ ཐོ་ཕོག་མི་དེ་ཡང་ རྒྱ་གར་ལས་ཐོན་མི་ ཨེ་པཱལ་ཚུ་ ལེགས་ཤོམ་སྦེ་ ཕྱི་སེལ་རྐྱབ་སྟེ་ འོངམ་མ་ཚད་ ཨེ་པཱལ་གྱི་བཀྱག་ཡང་ སྤུས་ཚད་ཅན་སྦེ་ འོང་ནི་དེ་གིས་ཨིན་པས།
ཁྲོམ་ཁ་ལུ་ ཨེ་པཱལ་རིགས་མ་འདྲཝ་༤ ཚོང་འབྲེལ་འཐབ་དོ་ཡོདཔ་ད་ གོང་ཚད་དམའ་ཤོས་ར་ སྦོམ་ཆུང་དང་ སྤུས་ཚད་དང་འཁྲིལ་ ཨེ་པཱལ་སྒྲོམ་རེ་ལུ་ དངུལ་ཀྲམ་༣༠༠ རེ་ ཐོབ་ཨིན་པས།
ད་རུང་ དུས་ཅི་ ཨེ་པཱལ་གྱི་ ཐོན་སྐྱེད་ཡང་ མར་བབས་སོང་ནུག་ཟེར་ ཕྱིར་ཚོང་པ་ཚུ་གིས་ བཤད་ཡོདཔ་ད་ ཁོང་གི་ཚོང་ཁང་ཚུ་ནང་ ཨེ་པཱལ་བཙོང་པར་ འབག་འོང་མི་ སོ་ནམ་པ་ཚུ་གིས་ ཐོན་སྐྱེད་མར་བབས་སོང་ཡོདཔ་སྦེ་ སླབ་ནི་འདུག་ཟེར་ ཉི་མ་ཕྱིར་ཚོང་གི་ཇོ་བདག་ སུ་ཇ་ཏ་ ཆེ་ཏི་རི་གིས་ བཤད་པའི་ཁར་ ཨེ་པཱལ་གྱི་ ཐོན་སྐྱེད་ཚུ་ ཟླཝ་༡ གི་ནང་འཁོད་ལུ་ རྫོགས་ནི་མས་ཟེར་ སླབ་མས་ཟེར་ བཤདཔ་ཨིན་པས།
ཕུན་ཚོགས་གླིང་ལུ་ ཕྱིར་ཚོང་ལས་སྡེ་ཅིག་གི་ འཛིན་སྐྱོང་པ་ སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ ཨེ་པཱལ་ལེགས་ཤོམ་སྦེ་ ཁུག་མི་དང་ དམརཔོ་ཐལ་མི་ཚུ་ལུ་ མཁོ་འདོད་ལེགས་ཤོམ་ཡོད་པའི་ཁར་ གོང་ཚད་ཡང་ སྤུས་ཚད་དང་འཁྲིལ་ ཐོབ་པས་ཟེར་ཨིན་པས།
འབྲུག་གིས་ སྤྱི་ལོ་༢༠༡༦ ལུ་ གནས་གོང་ཡུ་ཨེསི་ཌོ་ལར་ས་ཡ་༡.༢༨ དེ་ཅིག་འབད་མི་ ཨེ་པཱལ་མེ་ཊིག་ཊཱོན་༢,༧༢༤ རྒྱ་གར་དང་ བང་ལ་དེཤ་ལུ་ བཙོང་ཡོདཔ་ད་ དེ་གི་ཧེ་མར་ ཨེ་པཱལ་མེ་ཊིག་ཊཱན་༢,༨༩༦.༡༩ ཕྱིར་བཙོང་ཐོག་ ཡུ་ཨེསི་ཌོ་ལར་ས་ཡ་༡.༣༥ དེ་ཅིག་ཐོབ་ནུག།
སྤྱི་ལོ་༢༠༡༤ ལུ་ འབྲུག་གིས་ ཨེ་པཱལ་མེ་ཊིག་ཊཱོན་༦,༧༧༢.༤༢ ཕྱིར་བཙོང་འཐབ་སྟེ་ ཡུ་ཨེསི་ཌོ་ལར་ས་ཡ་༤.༤༠ ཐོབ་མི་དེ་ འདས་པའི་ལོ་ངོ་བཅུ་ཕྲག་གི་རིང་ལུ་ མཐོ་ཤོས་ཅིག་ཨིན་པའི་གནས་ཚུལ།

བཀྲམ་སྤེལ་བ་ཅིག་གིས་ ཨེ་པཱལ་གྱི་ སྤུས་ཚད་ལེགས་ཤོམ་ཡོད་མི་ སྒྲོམ་གསལ་སྟོན་འབད་བའི་བསྒང་།