ལས་བྱེདཔ་ཚུ་གི་ ཨེ་པཱལ་གྱི་དོས་འབག་པའི་བསྒང་།

དུས་ཅི་ ཨེ་པཱལ་གྱི་གོང་ཚད་ ལེགས་ཤོམ་མེདཔ།

༉ དུས་ཅི་ ཨེ་པཱལ་གྱི་གོང་ཚད་ ལེགས་ཤོམ་མེདཔ་ད་ དེ་ཡང་ ཨེ་པཱལ་ཕྱིར་ཚོང་འབད་ནི་ འགོ་བཙུགས་ཏེ་ ད་རིས་འབདཝ་ད་ ཉིནམ་༡༠ དེ་ཅིག་ལང་རུང་ ད་ཚུན་ རེ་བ་བསྐྱེད་དོ་བཟུམ་ གོང་ཚད་ཐོབ་མ་ཚུགས་པས།
ཨེ་པཱལ་ཕྱིར་ཚོང་འཐབ་མི་ ཡི་ཊི་ཚོང་ལས་ཀྱི་ཇོ་བདག་ པ་ཝན་ པུ་དུར་གྱིས་ སླབ་མིའི་ནང་ དུས་ཅི་ ཨེ་པཱལ་གྱི་གོང་ཚད་ ལེགས་ཤོམ་མིན་འདུག་ཟེར་ཨིནམ་ད་ ཁོ་གིས་ རྒྱ་གར་གྱི་མངའ་སྡེ་ ནུབ་བེང་གཱལ་ལུ་ ཨེ་པཱལ་བཙོང་དོ་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ རྒྱ་གར་ ཤིམ་ལ་དང་ ཧི་མ་ཅལ་ལས་ ཨེ་པཱལ་ཐོན་ནུག་ཟེར་ཨིནམ་ད་ ཨ་རྟག་འབད་བ་ཅིན་ འབྲུག་ལས་ ཚོང་འབྲེལ་འཐབ་མི་ ཨེ་པཱལ་དེ་ བཙོང་ཁང་ནང་ ལྷོདཔ་ཨིན་ཟེར་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ དུས་ཅི་ ཨེ་པཱལ་གྱི་གོང་ཚད་ ལེགས་ཤོམ་མེད་པའི་ཁར་ སྤུས་ཚད་ཡང་ ལེགས་ཤོམ་མིན་འདུག་ཟེར་ཨིན་པས།
ཚོང་འདྲེན་པ་ཚུ་གིས་འབད་བ་ཅིན་ དུས་ཅི་ ཨེ་པཱལ་གྱི་གོང་ཚད་དེ་ ན་ཧིང་བཟུམ་སྦེ་ འོང་ནི་མས་ཟེར་ཨིནམ་ད ལེགས་ཤོམ་འཚོ་མི་ ཨེ་པཱལ་ཚུ་ བདུན་ཕྲག་༢ དེ་ཅིག་གི་ ཤུལ་ལས་རྐྱངམ་གཅིག་ བཙོང་ཁང་ནང་ ལྷོད་ཚུགས་ནི་ཨིན་པས།
ད་ཚུན་ ཚོང་མགྲོན་པ་ ར་ཧུང་གིས་ ཨེ་པཱལ་དོ་༣,༠༠༠ ཉོ་ཡོདཔ་ད་ དོ་རེ་ལུ་ ཀེ་ཇི་༢༠ རེ་ཡོདཔ་ད་ ད་ལས་ཕར་ ག་དེམ་ཅིག་ ཉོ་ནི་ཨིན་ན་ ཐད་ཀར་དུ་ སླབ་མི་ཚུགས་པས་ཟེར་ཨིན་པས།
རྒྱལ་ཁབ་ནང་ ཕྱིར་ཚོང་འཐབ་མི་ ཨེ་པཱལ་མང་ཤོས་ཅིག་ ནུབ་བེང་གཱལ་གྱི་ཁྲོམ་ སི་ལི་གུ་རི་དང་ ཕ་ལ་ཀ་ཊ་ བི་ཧར་ དུཔ་གུ་རི་ མཱའི་ན་གུ་རི་ དེ་ལས་ ཨ་ལི་པུར་ཚུ་ནང་ བཙོང་དོ་ཡོདཔ་ཨིན་པས།
སྤུས་ཚད་ལེགས་ཤོམ་ཡོད་མི་ ཨེ་པཱལ་དོ་རེ་གིས་ གོང་ཚད་དངུལ་ཀྲམ་༧༥༠ དང་༨༠༠ གི་བར་ན་ ཐོབ་དོ་ཡོདཔ་ད་ དེ་ལས་ སྤུས་ཚད་ལེགས་ཤོམ་མེད་མི་ཚུ་གིས་ དོ་རེ་ལུ་དངུལ་ཀྲམ་༣༥༠ དང་༤༠༠ དེ་ཅིག་ ཐོབ་དོ་ཡོདཔ་ཨིན་པས།
ཨ་པཱལ་བཙོང་མི་ཚུ་གིས་ སླབ་མིའི་ནང་ མ་གཞི་ དུས་ཅི་ ཨེ་པཱལ་ལུ་ ནད་འབུབ་མ་ཟུན་རུང་ ཐོན་སྐྱེད་ལེགས་ཤོམ་མིན་འདུག་ཟེར་ སྤ་རོ་ལས་ ཡེ་ཤེས་ཀྱིས་ སླབ་ཨིན་པས།
ཨིན་རུང་ ནངས་པར་ ཨེ་པཱལ་མེ་ཊིག་ཊཱོན་༤ དེ་ཅིག་ བང་ལ་དེཤ་ལུ་ ཕྱིར་ཚོང་འཐབ་ནི་ཨིནམ་ད་ དེའི་དོན་ལུ་ འབྲུག་བཟའ་ཆས་ཁྲིམས་དོན་དབང་འཛིན་གྱིས་ ལྟ་ཞིབ་འབད་ནི་ཨིནམ་ད་ དུས་ཅི་ བང་ལ་དེཤ་ལུ་ གཏང་ནི་ཨིན་མི་ ཨེ་པཱལ་མེ་ཊིག་ཊཱོན་རེ་ལུ་ གོང་ཚད་ཡུ་ཨེསི་ཌོ་ལར་༥༥༠ རེ་སྦེ་ གཏན་འཁེལ་བཟོ་ནུག།
འབྲུག་ཕྱིར་ཚོང་ཚོགས་སྡེའི་ ཐོ་དང་འཁྲིལ་བ་ཅིན་ ན་ཧིང་ བང་ལ་དེཤ་ལུ་ ཨེ་པཱལ་མེ་ཊིག་ཊཱོན་༢,༢༧༢༤ ཚོང་འབྲེལ་འཐབ་མི་ལས་ ཡུ་ཨེསི་ཌོ་ལར་ས་ཡ་༡.༢༨ ཐོབ་ཡོདཔ་ད་ རྒྱ་གར་ལུ་ མེ་ཊིག་ཊཱོན་༡,༥༥༩.༨༠ ཚོང་འབྲེལ་འཐབ་མི་ལས་ ཡུ་ཨེསི་ཌོ་ལར་༧༠༣,༦༦༨.༧༠ ཐོབ་ཡོདཔ་ ཨིན་པའི་གནས་ཚུལ།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *