དུས་ཅི་ ལོ་རྫོགས་ཁམས་ལུ་ མང་སྡེ་ཆུ་གློག་མེ་ལས་འགུལ་ འགོ་འབྱེད་འབད་ཚུགས་པའི་རེ་བ།

༉ བསྟན་རྒྱས་བློན་པོ་ ལོག་ནཱཐ་ཤར་མ་གིས་ ཉིན་གྲངས་༥ གི་རིང་ དུས་ཅི་ ལོ་རྫོགས་ཁམས་ལུ་ འགོ་འབྱེད་འབད་ནིའི་རེ་བ་ཡོད་མི་ ཀྲོང་གསར་ མང་སྡེ་ཆུ་གློག་མེ་ལས་འགུལ་བརྩིས་ཏེ་ སྤུ་ན་གཙང་ཆུ་ལས་འགུལ་དང་པ་དང་༢ པ་ནང་ གཟིགས་སྐོར་གནང་པའི་ཤུལ་ལས་ ཁ་ཙ་ ལོག་རྒྱལ་ས་ལུ་ ཕེབས་ཡོདཔ་ཨིན་པས།
གཟིགས་སྐོར་སྐབས་ བློན་པོ་གིས་ གློག་མེ་ལས་འགུལ་ཚུ་གི་ ཆུ་མཛོད་ཁང་དང་ གློག་མེ་ཁང་ཚུ་ནང་ གཟིགས་སྐོར་གནངམ་དང་འབྲེལ་ ལས་འགུལ་གྱི་ལས་སྣ་དང་ གྲུབ་འབྲས་ཚུ་ ལྟ་རྟོག་འབད་ཡོདཔ་ཨིན་པས།
མང་སྡེ་ཆུ་ལས་འགུལ་གྱི་ཐད་ཁར་ བློན་པོ་མཆོག་གིས་ ལས་འགུལ་འཛིན་སྐྱོང་གིས་ ལཱ་ཚ་ངེར་བཏོན་འབད་བའི་ གྲུབ་འབྲས་ཐོན་མི་ལུ་ ལས་འགུལ་གྱི་འགོ་དཔོན་ཚུ་གིས་ ངལ་རངས་ཡོད་ལུགས་ཚུ་ བཤད་པའི་ཁར་ ལས་འགུལ་དེ་ དུས་ཚོད་ཁར་མཇུག་བསྡུ་ནི་ལུ་ ད་ཚུན་དཀའཝ་སྤྱད་དེ་ ལཱ་འབད་བའི་གྲུབ་འབྲས་ལུ་ ཐོ་ཕོག་མ་བཅུག་པར་ དྲནཔ་བཏོན་ཐོག་ལས་ འབད་དགོ་པའི་སྐོར་ལས་ གསུངས་ཡོདཔ་ཨིན་པས།
དེ་མ་ཚད་ མ་འོངས་པའི་ལས་འགུལ་ཚུ་གི་དོན་ལུ་ ཕན་ཐོགས་ནིའི་དོན་ལས་ དབང་འཛིན་གྱིས་ ལས་འགུལ་ བཟོ་སྐྲུན་འབད་བའི་སྐབས་ཀྱི་ ཉམས་མྱོང་དང་རིག་པ་ཐོབ་མི་ཚུ་ བརྗེ་སོར་འབད་དགོ་པའི་སྐོར་ལས་ གསུངས་ཡོདཔ་ཨིན་པས།
བློན་པོ་ལོག་ནཱཐ་གིས་ བརྡ་བརྒྱུད་ལུ་ བཤད་མིའི་ནང་ ད་ལྟོ་ ལས་འགུལ་གྱི་གྲུབ་འབྲས་དེ་ ལེགས་ཤོམ་སྦེ་ཐོན་བཞིན་ཡོདཔ་ད་ ནམ་འགོ་འབྱེད་འབད་ཚུགས་ག་ ད་ལྟོ་ གཏན་འཁེལ་སླབ་མ་ཤེས་རུང་ སྤྱི་ཟླ་༡༢ པ་དང་ སང་ཕོད་སྤྱི་ཟླ་༡ པའི་བར་ན་ འགོ་འབྱེད་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
བསྟན་རྒྱས་བློན་པོ་གིས་འབད་བ་ཅིན་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པ་དང་༢ པའི་ཐད་ལུ་ཡང་ ད་ལྟོ་ གྲུབ་འབྲས་ལེགས་ཤོམ་སྦེ་ ཐོན་བཞིན་དུ་ཡོད་རུང་ ནམ་བསྒྲུབ་ཚུགས་ག་ གཏན་འཁེལ་སྦེ་ སླབ་མི་ཤེས་པས་ཟེར་ཨིན་པས།
བསྟན་རྒྱས་བློན་པོ་དེ་ གློག་མེ་ལས་འགུལ་ཚུ་གི་ ཁྲི་འཛིན་ཨིནམ་བཞིན་དུ་ ལས་འགུལ་ཚུ་ནང་ གཟིགས་སྐོར་གནང་མི་དེ་ཡང་ ལྷན་ཁག་གི་ བློན་པོའི་གོ་གནས་བཞེས་པའི་ཤུལ་ལས་ འགོ་དང་པ་ཨིན་པས།
འདས་པའི་བདུན་ཕྲག་ནང་ བློན་ཆེན་དང་ བརྡ་བརྒྱུད་བར་ན་ ཞལ་འཛོམས་འཚོགས་པའི་སྐབས་ བློན་ཆེན་ ཌོག་ཊར་ བློ་གྲོས་ཚེ་རིང་གིས་ མང་སྡེ་ཆུ་གློག་མེ་ལས་འགུལ་དེ་ འཕྲལ་མགྱོགས་ར་ འགོ་འབྱེད་འབད་ནི་ཨིནམ་ད་ ད་ལྟོ་ ཕྱིར་ཚོང་འཐབ་ནིའི་དོན་ལུ་ རྒྱ་གཞུང་དང་གཅིག་ཁར་ སྤྱོད་འཐུས་ཀྱི་ ཚད་གཞིའི་སྐོར་ལས་ གྲོས་བསྟུན་འབད་བའི་བསྒང་ཡོད་ཟེར་ཨིན་པས།
རྒྱ་གར་གཞུང་གིས་ མགྲོན་བརྡ་ཕུལ་མི་དང་བསྟུན་ བློན་ཆེན་གྱིས་ སྤྱི་ཟླ་༡༢ པའི་ཚེས་༢༧ ལུ་ རྒྱ་གར་ལུ་ འབྱོན་པའི་སྐབས་ འགོ་འབྱེད་རྟེན་འབྲེལ་དོན་ལུ་ རྒྱ་གར་གྱི་སྲིད་བློན་ སྐུ་མགྲོན་སྦེ་ མགྲོན་བརྡ་ཕུལ་ནིའི་ འཆར་གཞི་ཡོད་ཡེར་ གསུངས་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *