༉ གཞུང་གིས་ སྤྱི་ལོ་༢༠༡༧ ཟླ་༥ པའི་ཚེས་༨ ཀྱི་ཧེ་མར་ ཁྲལ་བསྡུ་ལེན་མ་འབད་བར་ དགོངས་ཡངས་སྦེ་བཞག་མི་ཚུ་ བསྡུ་ལེན་འབད་དགོ་ཟེར་ རྒྱལ་ཡོངས་ཚོགས་སྡེ་དང་ བརྡ་བརྒྱུད་ཀྱི་ ཞལ་འཛོམས་འཚོགས་པའི་སྐབས་ལུ་ ཁྲི་འཛིན་འོགམ་ ཚེ་རིང་རྡོ་རྗེ་གིས་ བཤད་ཅི།
ཁྲི་འཛིན་འོགམ་གིས་འབད་བ་ཅིན་ གཞུང་གིས་ མ་གཞི་ ཁྲལ་བསྡུ་ལེན་འབད་ནི་དེ་ སྣང་མེད་སྐྱུར་མ་བཞག་པར་ ཁྲིམས་ལུགས་དང་འཁྲིལ་ཏེ་ བསྡུ་ལེན་འབད་འོང་མནོ་བའི་ རེ་བ་བསྐྱེད་དོ་ཟེར་ ཨིན་པས།
མ་གཞི་ ཚོགས་དཔོན་འཇིགས་མེད་བཟང་པོ་གིས་ སྤྱི་ཚོགས་ནང་ སྤྱི་ཟླ་༥ པའི་ཚེས་༨ ཀྱི་ཧེ་མར་ ཁྲལ་བསྡུ་ལེན་འབད་ནི་ཨིན་ན་དང་ མེན་ནའི་ཐད་ཁར་ མངོན་མཐོ་ཁྲིམས་འདུན་ལས་ བཀའ་རྒྱ་ལེན་ནི་སྦེ་ སླབ་ཡོདཔ་ཨིན་རུང་ ཚོང་པ་ཚུ་གིས་འབད་བ་ཅིན་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་དེ་ ཏི་རུའི་དཔྱད་ཡིག་སྦེ་ ཆ་འཇོག་གྲུབ་ཡོདཔ་ལས་ བཀའ་རྒྱ་ལེན་ཐབས་མིན་འདུག་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་ ཁྲིམས་དོན་ཚོགས་ཆུང་གི་ཁྲི་འཛིན་ རི་ཏུ་རཱཇ་གིས་འབད་བ་ཅིན་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་དེ་ རྩ་ཁྲིམས་ཅན་གྱི་ གནད་དོན་ཨིནམ་ལས་ ཁྲིམས་ཀྱི་བཀའ་རྒྱ་ ལེན་ཐབས་མེད་ཟེར་ཨིན་པས།
ཁྲལ་བསྡུ་ལེན་འབད་ནིའི་ཐད་ཁར་ འགན་ཁུར་དེ་ གཞུང་ལུ་ཕོགཔ་ལས་ གཞུང་གིས་ར་ འབད་དགོཔ་འོང་ཟེར་ བཤདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེ་གིས་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་དེ་ ཆ་འཇོག་མ་འབད་བའི་ཁར་ སྤྱིར་བཏང་གི་ གྲོས་འདེབས་ཁག་༤ དང་ དོན་ཚན་རེ་རེ་བཞིན་དུའི་ གྲོས་འདེབས་ཁག་༡༠ ཆ་མེད་བཏང་མི་ རྒྱལ་ཡོངས་ཚོགས་སྡེ་གིས་ གྲོས་བསྡུར་མ་འབད་མི་དེ་ལུ་ བསམ་པ་མ་རྫོགས་ཟེར་ཨིན་པས།
ཨིན་རུང་ ཚོགས་འདུའི་ཁ་ཐུག་ལས་འབད་བ་ཅིན་ རྒྱལ་ཡོངས་ཚོགས་སྡེ་གིས་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་ ཏི་རུའི་ དཔྱད་ཡིག་ཨིནམ་ལས་ ཁོང་གིས་ ཆ་མེད་བཏང་མ་ཆོགཔ་སྦེ་ སླབ་ཡོདཔ་ཨིན་རུང་ ཚོགས་སྡེའི་ཁྲི་འཛིན་འོགམ་གིས་འབད་བ་ཅིན་ ཁོང་གིས་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་ ཆ་མེད་བཏང་མི་དེ་ ཁྲིམས་ལས་འགལ་བ་མེནམ་མ་ཚད་ ད་ལྟོ་ཚུན་ཚོད་ ཏི་རུའི་དཔྱད་ཡིག་༣༠ དེ་ཅིག་ ཆ་འཇོག་འབད་ཡོདཔ་ལས་ ལམ་ལུགས་ཚུ་ ལེགས་ཤོམ་སྦེ་ར་ ཤེས་ཟེར་བཤད་ཅི།
རྒྱལ་ཡོངས་ཚོགས་སྡེ་གིས་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་ ཆ་མེད་བཏང་མི་དེ་ རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་ འཁྲིལ་ཏེ་ འབད་ཡོདཔ་སྦེ་ བཤདཔ་ཨིན་པས།
གཞུང་གི་ཁ་ཐུག་ལས་འབད་བ་ཅིན་ སྒེར་སྡེ་ལུ་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་ བྱིན་ནི་དེ་ གཞུང་གི་ ཁེ་དབང་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།