༉ དར་དཀར་ནང་ ནི་ཅུང་ལ་རྒེད་འོག་ནང་ ཊང་ཀ་ བྷ་དུར་གྱིས་ དུས་ཚོད་མེན་པའི་དངུལ་ཐོག་ ཨེ་མའི་ཐོན་ཤུགས་ བརྟག་ཞིབ་འབད་ནིའི་དོན་ལུ་ ཁོ་རའི་ས་ཆ་ ཌེ་སི་མཱལ་༥༠ ནང་ འཛུགས་སྐྱོང་འབད་ཡོདཔ་ད་ གྲུབ་འབྲས་དེ་ ཡིད་ཆེས་སི་སི་སྦེ་ ཉུང་ཤོས་མེ་ཊིག་ཊཱོན་༢ དེ་ཅིག་ ཐོན་སྐྱེད་འབད་ནུག།
ཁོ་གིས་ སླབ་མིའི་ནང་ ཨེ་མའི་ཞིང་དེ་ནང་ གླངམོ་ཆེ་ཚུ་གིས་ གནོདཔ་མ་བཀལ་བ་ཅིན་ ཐོན་སྐྱེད་དེ་ མེ་ཊིག་ཊཱོན་༣ དེ་ཅིག་ འཐོན་ཐོནམ་འོང་ཟེར་ཨིནམ་ད་ འདས་པའི་ལོའི་གྲུབ་འབྲས་ཀྱིས་ དུས་ཅི་ འཛུགས་སྐྱོང་གི་རྒྱ་ཚད་ རྒྱ་སྐྱེད་གཏང་ནི་ལུ་ སེམས་ཤུགས་འཐོབ་ཚུགས་ནི་མས་ཟེར་ཨིན་པས།
སློབ་རིམ་༡༢ པ་མཇུག་བསྡུ་ཞིནམ་ལས་ གཡུས་ཁར་སྡོད་མི་དེ་གིས་ ཁོ་རའི་ ས་ཆ་ཨེ་ཀར་༣ ཡོད་མི་དེ་ ཨེ་མའི་ཞིང་ལུ་བསྒྱུར་ཏེ་ཡོདཔ་ད་ མ་གཞི་ས་གནས་དེ་ གླངམོ་ཆེ་འཁྱམས་ས་ཨིན་རུང་ ན་ཧིང་དང་ཕྱདཔ་ད་ དུས་ཅི་ ཐོན་སྐྱེད་མངམ་འཐོན་ནིའི་ རེ་བ་བསྐྱེདཔ་ཨིན་པས།
ཁོ་གི་ ཐོན་སྐྱེད་འགོ་དང་པ་དེ་ བདུན་ཕྲག་༢ དེ་ཅིག་གི་རྒྱབ་ལས་ ཁྲོམ་ཁར་བཙོང་ཚུགས་པའི་རེ་བ་ཡོདཔ་ད་ ཁོ་གིས་ ཐིམ་ཕུག་ཚོད་བསྲེ་ཁྲོམ་ཁར་ འབག་འོང་ཞིནམ་ལས་ བཙོང་དོ་ཡོདཔ་ད་ ཨེ་མ་ཀེ་ཇི་རེ་གིས་ དངུལ་ཀྲམ་༡༥༠ དང་༢༠༠ གི་བར་ན་ ཐོབ་དོ་ཡོདཔ་ཨིན་པས།
ནི་ཆུ་ལ་ལུ་ སོ་ནམ་པ་༤༠ དེ་ཅིག་གིས་ ས་ཆ་ཨེ་ཀར་༨ དེ་ཅིག་ནང་ གནམ་དགུན་གྱི་དུས་ཚོད་ལུ་ ཨེ་མ་འཛུགས་སྐྱོང་འབད་དོ་ཡོདཔ་བཞིན་དུ་ ས་ཆ་ཨེ་ཀར་རེ་གིས་ ཨེ་མ་ཀེ་ཇི་༡,༠༠༠ དེ་ཅིག་ ཐོན་སྐྱེད་འབད་ནིའི་ རེ་བ་ཡོདཔ་ཨིན་པས།
སོ་ནམ་རྒྱ་སྐྱེད་འགོ་དཔོན་ འཇམ་དཔལ་རྒྱལ་མཚན་གྱིས་ སླབ་མིའི་ནང་ ན་ཧིང་གི་ཐོན་སྐྱེད་དེ་ རེ་བ་བསྐྱེདཔ་བཞིན་དུ་ མ་འཐོན་ཟེར་ཨིནམ་ད་ དེ་ཡང་ ལྕངམ་ཚུ་ སྔོ་ལྗང་གི་ཁྱིམ་ནང་ དྲོད་ཀྱིས་ཤི་ཡོདཔ་ད་ དེ་བཀག་ཐབས་ཀྱི་དོན་ལུ་ དུས་ཅི་ ཕྱི་ཁར་འབད་ཡོདཔ་ལས་ དུས་ཅི་ ཐོན་སྐྱེད་ལེགས་ཤོམ་ལུ་རེ་བ་བསྐྱེད་དེ་ འཛུགས་སྐྱོང་འབད་མི་ སོ་ནམ་པའི་གྱངས་ཁ་ཡང་ ༡༢ ཀྱིས་ ཡར་སེང་སོང་སྟེ་ཡོད་ཟེར་ཨིན་པས།
དར་དཀར་ནང་རྫོང་ཁག་ནང་ བསྡོམས་ཀྱིས་ གནམ་དགུན་གྱི་ ཨེ་མ་འཛུགས་སྐྱོང་འབད་ནིའི་དོན་ལུ་ ས་ཆ་ཨེ་ཀར་༧༢.༥༡ ངོས་འཛིན་འབད་ཡོདཔ་ད་ ལཱ་འབད་མི་སོ་ནམ་པ་༡༥༢ དེ་ཅིག་ ཡོདཔ་ཨིན་པས།
རྩེ་ཟ་དང་ དཀར་ནག་ སྒོ་ཤིང་ རྡོ་རོག་ནང་ དེ་ལས་ ཁེ་སྦིས་ས་རྒེད་འོག་༥ ནང་ ས་བསིལ་ས་འབད་ནི་དེ་གིས་ གནམ་དགུན་ལུ་ ཨེ་མ་འཛུགས་སྐྱོང་འབད་ནི་མེདཔ་ད་ དེ་ཡང་ རྒེད་འོག་མང་ཤོས་ར་ རྒྱ་མཚོའི་གནས་ཚད་ལས་ མི་ཊར་༡,༢༠༠ དེ་ཅིག་ལུ་ ཆགས་ཏེ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ གེ་སར་གླིང་རྒེད་འོག་དང་ ལ་རྒྱབ་རྒེད་འོག་གི་ མི་སེར་ཚུ་གིས་ཡང་ གནམ་དགུན་ལུ་ ཨེ་མ་བཙུགས་ནི་མེདཔ་ད་ རྫོང་ཁག་སོ་ནམ་འགོ་དཔོན་ པ་སངས་ཚེ་རིང་གིས་ སླབ་མིའི་ནང་ ན་ཧིང་ ཐོན་སྐྱེད་ཚུ་ དམིགས་གཏད་བསྐྱེད་ས་ལས་ བརྒྱ་ཆ་༥༠ དེ་ཅིག་ཡང་ མ་འཐོན་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ གནམ་དགུན་གྱི་ ཨེ་མ་འཛུགས་སྐྱོང་དེ་ཡང་ གནད་དོན་ཁག་ལེ་ཤ་ཅིག་ལུ་ རག་ལས་དོ་ཡོདཔ་ད་ གནམ་དགུན་གྱི་ གནམ་གཤིས་བསིལ་དྲགས་དང་ གནམ་བྱཱར་ཆརཔ་ཡུན་རིངམོ་སྦེ་ རྐྱབ་མི་དེ་གིས་ ལྕང་སོན་བཚུགས་ནིའི་དུས་ཚོད་ལུ་ བར་ཆད་རྐྱབ་མི་ལ་སོགས་པ་ཚུ་ལུ་བརྟེན་ ཐོན་སྐྱེད་ལུ་ གནོདཔ་བཀལ་དོ་ཡོད་རུང་ དུས་ཅི་ གྲུབ་འབྲས་ལེགས་ཤོམ་འཐོན་པའི་ རེ་བ་ཡོད་ཟེར་ རྫོང་ཁག་སོ་ནམ་འགོ་དཔོན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།