དབྱར་རྩྭ་དགུན་འབུབ་ རིན་བསྡུར་འབད་བའི་བསྒང་།ྭ

དུས་ཅི་ དབྱར་རྩྭ་དགུན་འབུབ་བསྡོམས་ ཀེ་ཇི་སྟོང་ཕྲག་༡ དེ་ཅིག་ བསྡུ་ལེན་འབད་ཡོདཔ།

༉ དུས་ཅི་ རིན་བསྡུར་གྱི་ཐོག་ལས་ དབྱར་རྩྭ་དགུན་འབུབ་ ཀེ་ཇི་༣༧༦ ཚོང་འབྲེལ་འཐབ་མི་དེ་གིས་ དངུལ་ཀྲམ་ས་ཡ་༢༠༣ གྱི་རྩིས་ ཚོང་སྒྱུར་འཐབ་ཡོདཔ་ད་ གོང་ཚད་ལས་བཅད་རུང་ དུས་ཅི་ དབྱར་རྩྭ་དགུན་འབུབ་ ཀེ་ཇི་༡ གིས་ དངུལ་ཀྲམ་ས་ཡ་༢.༧༡ ཐོབ་མི་དེ་ ད་ལྟོ་ཚུན་ མཐོ་ཤོས་ཨིན་པས།
དབྱར་རྩྭ་དགུན་འབུབ་ཀེ་ཇི་༩༥ རིན་བསྡུར་ཁང་ནང་ བཙུགས་པའི་ཤུལ་ལས་ ཕྱིར་བཏོན་འབད་ཡོདཔ་ད་ དེ་ཡང་ སོ་ནམ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཕྱིར་བཏོན་འབད་མི་དེ་ རེ་བ་བསྐྱེད་མི་གོང་ཚད་ མ་ཐོབ་ནི་དེ་གིས་ འོང་ནི་མས་ཟེར་ཨིནམ་ད་ ལ་ལོ་ཅིག་གིས་ རིན་བསྡུར་ནང་ བཅའ་མར་མ་གཏོགས་པར་ སྒེར་གྱི་ཐོག་ལས་ཡང་ བཙོང་ཡོདཔ་ཨིན་པས།
དེ་ལས་ དབྱར་རྩྭ་དགུན་འབུབ་ ཀེ་ཇི་༨༦.༤ ཐད་ཀར་དུ་ ཕྱིར་ཚོང་འཐབ་ཡོདཔ་མ་ཚད་ འབུབ་བསྡུ་ལེན་འབད་མི་༩༡༧ གྱིས་ རིན་བསྡུར་ནང་ བཅའ་མར་གཏོགས་མ་བཏུབ་པས།
སོ་ནམ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མ་གཞི་ དུས་ཅི་ དབྱར་རྩྭ་དགུན་འབུབ་ ཀེ་ཇི་༡,༠༠༠ དེ་ཅིག་ ཐོན་སྐྱེད་འབད་ཚུགས་འོང་ཟེར་ཨིནམ་ད་ དེ་ཡང་ བསྡུ་ལེན་འབད་མི་ མང་ཤོས་ཅིག་གིས་ རིན་བསྡུར་ནང་ བཅའ་མར་མ་གཏོགས་པར་ ཐད་ཀར་དུ་ ཚོང་འབྲེལ་འཐབ་པའི་སྐབས་ ཐོ་ཁ་གསལ་སྦེ་ བཞག་མ་ཚུགས་པའི་ དཀའ་ངལ་ཡོདཔ་ཨིན་པས།
འབུབ་བསྡུ་ལེན་ནང་ རྫོང་ཁག་༧ གྱིས་ བཅའ་མར་གཏོགས་ས་ལས་ མཐོ་ཤོས་དབང་འདུས་ཕོ་བྲང་ རྫོང་ཁག་གིས་ འབུབ་ཀེ་ཇི་༢༥༥.༣༦ བསྡུ་ལེན་འབད་ཡོདཔ་ད་ དེའི་འོག་ལས་ བུམ་ཐང་གིས་ ཀེ་ཇི་༩༥.༣༠ བསྡུ་ཡོདཔ་ཨིན་པས།
ཐིམ་ཕུག་རྫོང་ཁག་གིས་ དབྱར་རྩྭ་དགུན་འབུབ་ ཀེ་ཇི་༦༡.༥༨ དང་ མགར་ས་གིས་ ཀེ་ཇི་༦༠.༩༩ སྤ་རོ་གིས་ ཀེ་ཇི་༦.༧༢ དེ་ལས་ མཇུག་ར་ ལྷུན་རྩེ་དང་ བཀྲིས་གཡང་རྩེ་བསྡོམས་ཏེ་ དབྱར་རྩྭ་དགུན་འབུབ་ ཀེ་ཇི་༡.༠༡ ལས་བརྒལ་ བསྡུ་ལེན་འབད་མ་ཚུགས་པས།
བུམ་ཐང་ལུ་འབད་བ་ཅིན་ འབུབ་དེ་ ཆོས་འཁོར་རྐྱངམ་གཅིག་ལས་ བསྡུ་ཡོདཔ་བཞིན་དུ་ རྒེད་འོག་དེ་ལས་ དབྱར་རྩྭ་དགུན་འབུབ་ ཀེ་ཇི་༡ ལུ་ གོང་ཚད་དངུལ་ཀྲམ་ས་ཡ་༢.༠༡ ཐོབ་ཡོད་མི་དེ་ རྒྱལ་ཁབ་ནང་ སྤྱི་ལོ་༢༠༠༤ ལུ་ དབྱར་རྩ་དགུན་འབུབ་ ཚོང་འབྲེལ་འགོ་བཙུགས་ཞིནམ་ལས་ཚུ་ ད་རེས་ མཐོ་ཤོས་ཅིག་ཨིན་པས།
དབང་འདུས་ཕོ་བྲང་ལུ་འབད་བ་ཅིན་ དབྱར་རྩྭ་དགུན་འབུབ་དེ་ ཀ་བཞི་དང་ དྭངས་ཆུ་ སྒང་སྟེང་ དེ་ལས་ སྲས་ཕུ་རྒེད་འོག་ཚུ་གིས་ བསྡུ་ལེན་འབད་ཡོདཔ་ད་ ཐིམ་ཕུག་ལུ་ གླིང་བཞི་དང་ ནཱ་རོ་ མགར་ས་ཁ་སྨད་དང་ ལུང་ནག་ནང་ ཁ་སྟོད་དང་ལ་ཡ་རྒེད་འོག་ཚུ་གིས་ བསྡུ་ལེན་འབད་ཡོདཔ་ད་ སྤ་རོ་ལུ་འབད་བ་ཅིན་ བཙན་ཏོག་དང་ བཀྲིས་གཡང་རྩེ་ འབུམ་སྡེ་གླིང་རྒེད་འོག་ཚུ་གིས་ བཅའ་མར་གཏོགས་ནུག།
དབྱར་རྩྭ་དགུན་འབུབ་དེ་ སྤྱི་ལོ་༢༠༠༤ ལས་ བསྡུ་ལེན་འབད་ནི་ འགོ་བཙུགས་པའི་སྐབས་ ལོ་དེ་ནང་ འབུབ་ཀེ་ཇི་༡ ལུ་ གོང་ཚད་དངུལ་ཀྲམ་ས་ཡ་༠.༠༨ ལས་བརྒལ་ ཐོབ་མ་ཚུགས་མི་དེ་ སྤྱི་ལོ་༢༠༡༢ ལུ་ ཀེ་ཇི་༡ ལུ་ དངུལ་ཀྲམ་ས་ཡ་༡.༢༢ ལུ་ འཛེགས་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ གོང་ཚད་དེ་ ལོ་བསྟར་བཞིན་དུ་ ཡར་སེང་སོང་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༡༣ ལུ་ ཀེ་ཇི་༡ ལུ་ གོ་ཚད་དངུལ་ཀྲམ་ས་ཡ་༡.༢༡ དང་ སྤྱི་ལོ་༢༠༡༤ ལུ་ དངུལ་ཀྲམ་ས་ཡ་༡.༣༢༦ སྤྱི་ལོ་༢༠༡༥ ལུ་ དངུལ་ཀྲམ་ས་ཡ་༡.༤༧ དེ་ལས་ སྤྱི་ལོ་༢༠༡༦ ལུ་ ཀེ་ཇི་༡ ལུ་ གོང་ཚད་དངུལ་ཀྲམ་ ས་ཡ་༡.༥༥༦ ཐོབ་ནུག།
དབྱར་རྩྭ་དགུན་འབུབ་དེ་ སྤྱི་ཟླ་༧ པའི་ཚེས་༡༤ ལས་ བསྡུ་ནི་འགོ་བཙུགས་མི་དེ་གིས་ སྤྱི་ཟླ་༨ པའི་ཚེས་༦ ཚུན་ བསྡུ་བསྒྱོམ་འབད་དོ་ཡོདཔ་ད་ མ་གཞི་ གཞུང་གིས་ དབྱར་རྩྭ་དགུན་འབུབ་བསྡུ་ཆོག་པའི་ ཆོག་ཐམ་༣,༡༩༨ སྤྲོད་མི་ལས་༢,༢༨༡ རྐྱངམ་གཅིག་གིས་ བཅའ་མར་གཏོགས་ཡོདཔ་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *