ཆར་ཆུ་ལུ་བརྟེན་ ལྕང་ལཱ་རྐྱབ་པའི་བསྒང་།

དུས་ཅི་ ཆར་ཆུ་གིས་ ལྕང་ལཱ་རྐྱབ་ནི་ལུ་ ཕན་ཐོགས་བྱུང་ཡོདཔ།

༉ དགེ་ལེགས་ཕུག་ དཔལ་རི་ཐང་ལས་ཨིན་མི་ ད་མ་ཡན་ཅི་ དི་མཱལ་གྱིས་ འདས་པའི་ལོ་ཚུ་ནང་ ཞིང་ཆུ་མ་ལང་པའི་དཀའ་ངལ་དང་ རི་དྭགས་སེམས་ཅན་ཚུ་གིས་ གནོད་སྐྱོན་རྐྱབ་མི་ལུ་བརྟེན་ ཞིང་སྟོངམ་སྦེ་ བཞག་ཡོདཔ་ཨིན་རུང་ དུས་ཅི་ལས་ མོ་གིས་ འབྱ་འཛུགས་སྐྱོང་འབད་ནི་འགོ་བཙུགས་ཡོདཔ་ཨིན་པས།
དུས་ཅི་ མོ་གིས་ཨ་རིང་ལེབ་༡༠ ནང་ འབྱ་འཛུགས་སྐྱོང་འབད་ཡོདཔ་ཨིན་རུང་ ཞིང་ཆུའི་རྐ་མེད་མི་ལུ་བརྟེན་ ཆར་ཆུ་ལུ་བརྟེན་དོ་ཡོདཔ་ད་ དུས་ཅི་ ཆར་ཆུ་གིས་ མོ་གི་ཨ་རིང་ཚུ་ནང་ ཆུ་ལངམ་སྦེ་ གང་ཡོདཔ་ཨིན་པས།
ཆརཔ་མ་ཆད་པར་རྐྱབ་མི་དེ་གིས་ ཞིང་ཆུ་ལངམ་སྦེ་ འོང་དོ་ཡོད་རུང་ ཆུ་མེད་པའི་ཨ་རིང་ཚུ་ནང་ འབྱ་གི་ཐོན་སྐྱེད་ ལེགས་ཤོམ་མི་འོངམ་མས་ཟེར་ཨིན་པས།
མ་གཞི་ མོ་རའི་ཆུ་ཞིང་དེ་གིས་ བཟའ་ཚང་ནང་མི་༤ གི་དོན་ལུ་ ཆུམ་ལང་དོ་ཡོདཔ་ཨིན་རུང་ ད་ཚུན་ ཆར་ཆུ་ལངམ་སྦེ་ མེད་མི་དེ་གིས་ ཐོན་སྐྱེད་ལེགས་ཤོམ་མེདཔ་ལས་ ཆུམ་མང་ཤོས་ཅིག་ ཁྲོམ་ཁ་ལས་ཉོ་སྟེ་ ཟཝ་ཨིན་ཟེར་ཨིན་པས།
དེ་བཟུམ་མའི་དཀའ་ངལ་ཚུ་ ཀི་ཤན་དུང་ག་ན་ལུ་ཡང་ བྱུང་ཡོདཔ་ད་ ཁོ་གིས་ ས་ཆ་གཞན་ཚུ་གུ་ ལྕང་ལཱ་རྐྱབ་སྟེ་ ཟ་དོ་ཡོདཔ་ཨིན་པས།
ཀི་ཤན་དང་ ཁོ་གི་ཁྱིམ་ཚང་ཚུ་ཡང་ འབྱ་འཛུགས་སྐྱོང་འབད་ནིའི་ ཆུ་དེ་ ཆར་ཆུ་ལུ་བརྟེན་སྡོད་དོ་ཡོདཔ་ད་ ཁོ་གིས་དུས་ཅི་ ས་ཆ་ཨེ་ཀར་༤ དེ་ཅིག་ནང་ འབྱ་འཛུགས་སྐྱོང་འབད་ནིའི་དོན་ལུ་ གྲ་སྒྲིག་འབད་ཡོདཔ་ཨིན་པས།
དགེ་ལེགས་ཕུག་རྒེད་འོག་ནང་ ཆུ་ཞིང་ཨེ་ཀར་༤༥༦ དེ་ཅིག་ཡོདཔ་ད་ དེ་གི་དོན་ལུ་ ཆུ་རྐ་༤ ལས་མེདཔ་ད་ དེ་ཡང་ ཞིང་ཆུ་ཀི་ལོ་མི་ཊར་༡ དང་༡.༥ འབད་མི་གཉིས་ ཆར་ཆུ་ལུ་བརྟེན་ཏེ་ཨིནམ་ད་ གཞན་ཀི་ལོ་མིཊར་༢ འབད་མི་དེ་ པ་སངས་ཆུ་ལས་འཐེན་ཡོདཔ་ཨིན་པས།
དགེ་ལེགས་ཕུག་གི་ སོ་ནམ་པ་ཚུ་ ཞིང་ཆུ་མ་ལང་པའི་ དཀའ་ངལ་རྐྱངམ་གཅིག་མེན་པར་ ལོ་བསྟར་བཞིན་དུ་ རི་དྭགས་སེམས་ཅན་དང་ མི་གི་བར་ན་ བྲེལ་ཟིང་ཡང་ བྱུངམ་ཨིན་པས།
དུས་ཚོད་འ་ནེམ་ཅིག་ཁར་ སོ་ནམ་པ་ཚུ་ ཞག་མ་ཉལ་བར་ ཁོང་རའི་ལོ་ཐོག་ཚུ་ གླངམོ་ཆེ་ལས་ བསྲུང་དགོ་དོ་ཡོདཔ་ཨིན་པས།
བདུན་ཕྲག་༢ དེ་ཅིག་གི་ཧེ་མར་ གླངམོ་ཆེ་སྡེ་ཚན་གཅིག་འོང་སྟེ་ དཔལ་རི་ཐང་ཁ་སྟོད་ལུ་ ལོ་ཐོག་མང་རབས་ཅིག་ གནོད་སྐྱོན་རྐྱབ་ཡོདཔ་མ་ཚད་ གནས་སྐབས་ཀྱི་ ཁྱིམ་ཅིག་ཡང་ མེདཔ་བཏང་ཡོདཔ་ཨིན་པས།
ད་མ་ཡན་ཏི་གིས་ སླབ་མིའི་ནང་ ཧེ་མ་ མོ་གི་ལོ་ཐོག་བརྒྱ་ཆ་༨༠ ལྷགཔ་ཅིག་ གླངམོ་ཆེ་ཚུ་གིས་ མེདཔ་བཏང་པའི་ཤུལ་ལུ་ སོ་ནམ་གྱི་ ལཱ་འབད་ནི་ བཤོལ་བཞག་ཅི་ཟེར་་ཨིན་པས།
འཕྲལ་ཁམས་ཅིག་ཁར་ དགེ་ལེགས་ཕུག་རྒེད་འོག་ནང་ གློག་ཐག་ར་བ་ རྐྱབ་ཡོདཔ་ལས་ མི་སེར་སོ་ནམ་པ་ཚུ་ དུས་ཅི་ལོ་ཐོག་མང་སུ་སྦེ་ བསྡུ་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་པས།
རྒེད་འོག་སོ་ནམ་རྒྱ་བསྐྱེད་འགོ་དཔོན་ རྒྱལ་མཚན་གྱིས་འབད་བ་ཅིན་ གློག་ཐག་ར་བ་དེ་གིས་ ཁྱིམ་གུང་པ་༦༨༨ ཀྱི་ ས་ཆ་ཨེ་ཀར་༦༥༥ ལུ་ ཕན་ཐོགས་བྱུང་སྟེ་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཡེ་ཤེས་སྒྲོལ་མ།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *