༉ དུས་ཅི་ ཀེ་བའི་ཐོན་ཤུགས་ཡོད་པའི་ཁར་ གོང་ཚད་ལེགས་ཤོམ་ཐོབ་ཚུགས་ནི་དེ་གིས་ ཕུན་ཚོགས་གླིང་ལུ་ ས་གནས་སོ་སོར་ལས་ ཀེ་བ་རིན་བསྡུར་འབད་བར་འོང་མི་ མི་སེར་སོ་ནམ་པ་ཚུ་ སེམས་དགའ་སྟེ་ཡོདཔ་ཨིན་པས།
འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ ན་ཧིང་དང་ཕྱདཔ་ད་ དུས་ཅི་ ཀེ་བ་ལོག་ལྟབ་སྦེ་ རིན་བསྡུར་འབད་ཚུགས་ཡོདཔ་ད་ ཀེ་བ་མེ་ཊིག་ཊཱོན་༢༣,༩༩༦ དེ་ཅིག་གིས་ གོང་ཚད་དངུལ་ཀྲམ་ས་ཡ་༤༩༩.༡༥ དེ་ཅིག་ ཐོབ་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་རིན་བསྡུར་ཁང་གིས་ སྤྱི་ལོ་༢༠༠༧ ལུ་ ཀེ་བ་མེ་ཊིག་ཊཱོན་༡༣,༧༢༩ དེ་ཅིག་ ཚོང་འབྲེལ་འཐབ་མི་ལས་ དངུལ་ཀྲམ་ས་ཡ་༢༠༢.༢༦ ཐོབ་ཡོདཔ་ད་ ལས་འཛིན་གྱིས་སྤྱི་ལོ་༢༠༡༦ ལུ་ གོང་ཚད་དངུལ་ཀྲམ་༣༧༠ གནས་པའི་ ཀེ་བ་མེ་ཊིག་ཊཱོན་༡༥,༠༣༤ རྐྱངམ་གཅིག་ བཙོང་ཡོདཔ་ཨིན་པས།
ཁ་ཙ་ དབང་འདུས་ཕོ་བྲང་ལས་ཨིན་མིའི་ དམ་ཆོས་བཟངམོ་གིས་ ཀེ་བ་རིན་བསྡུར་ཁང་ནང་ བཙུགས་ནིའི་དོན་ལས་ རིན་བསྡུར་ཁང་གི་གདོང་ཁར་ ཡིག་འཛིན་ལུ་ སྒུག་སྡོད་དོ་ཡོདཔ་ད་ མོ་གིས་ ཀེ་བ་དོ་ཊཱག་༡ འབག་ཡོདཔ་ཨིན་པས།
མོ་གིས་ སླབ་མིའི་ནང་ དུས་ཅི་ ཀེ་བའི་ཐོན་སྐྱེད་དང་ གོང་ཚད་༢ ཆ་ར་ ལེགས་ཤོམ་འདུག་ཟེར་ཨིནམ་ད་ ཀེ་བ་ཀེ་ཇི་༢༠༠ དེ་ཅིག་ མོ་རའི་ཁྱིམ་ནང་ལུས་ཡོདཔ་ལས་ ཤུལ་ལས་ རིན་བསྡུར་ནང་ བཙུགས་ནི་ཟེར་ཨིན་པས།
ཀེ་བ་ཀེ་ཇི་རེ་གིས་ གོང་ཚད་དངུལ་ཀྲམ་༢༥ ལས་༣༥ འི་བར་ན་ ཐོབ་དོ་ཡོད་པའི་ཁར་ ལས་འཛིན་གྱིས་ དུས་ཅི་ སྤྱིར་སྙོམས་ གོང་ཚད་དངུལ་ཀྲམ་༤༧ ཐོབ་པའི་ ཐོ་བཀོད་ཡོདཔ་ད་ སྤྱི་ལོ་༢༠༡༤ ལུ་ ཕུན་ཚོགས་གླིང་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ ཀེ་བ་ཀེ་ཇི་༡ གིས་ གོང་ཚད་དངུལ་ཀྲམ་༥༤ དེ་ཅིག་ཐོབ་པའི་ ཐོ་བཀོད་ཡོདཔ་ཨིན་པས།
འཛིན་སྐྱོང་པ་ ཨྱོན་དཔལ་འབྱོར་གྱིས་ སླབ་མིའི་ནང་ དུས་ཅི་ཀེ་བ་རིན་བསྡུར་དེ་ ལེགས་ཤོམ་སོང་ཡི་ཟེར་ཨིནམ་ད་ ལས་འཛིན་གྱིས་ ཀེ་བ་བཙུགས་ནིའི་ ཁང་མིག་ཐེབས་བཙུགས་ནི་དེ་གིས་ མི་སེར་སོ་ནམ་པ་ཚུ་ལུ་ ཕན་ཐོགས་བྱུང་ཡི་ཟེར་ཨིན་པས།
ན་ཧིང་ ཀེ་བ་རིན་བསྡུར་འབད་མི་དང་ དེད་གཡོགཔ་ཚུ་ལུ་ སྣུམ་འཁོར་བཞག་ས་དང་ ཀེ་བ་བཞག་ས་མེད་པའི་ དཀའ་ངལ་ཐོན་ཡོདཔ་ལས་ ད་ལྟོ་ཡོད་པའི་ ལས་འཛིན་གྱིས་ རིན་བསྡུར་ཁང་རྒྱ་སྐྱེད་དང་ སྣུམ་འཁོར་བཞག་སའི་ས་ཁོངས་ཚུ་ གསརཔ་བཟོ་ཡི་ཟེར་ འཛིན་སྐྱོང་པ་གིས་ བཤད་ཡོད་པའི་གནས་ཚུལ།
