རིན་བསྡུར་ཁང་གི་ ཏི་རུ་སྤྲོད་ལེན་འབད་སའི་ འབྲེལ་སྟེགས་ནང་ ཀེ་བ་བཙོང་མི་ཚུ་ བསྒུག་སྡོད་པའི་བསྒང་།

དུས་ཅི་ ཀེ་བའི་གོང་ཚད་ ལེགས་ཤོམ་ཐོབ་དོ་ཡོདཔ།

༉ དུས་ཅི་ སྤྱི་ཟླ་༥ པ་ལས་ ཁ་ཙ་ཚུན་ ཕུན་ཚོགས་གླིང་རིན་བསྡུར་ཁང་ནང་ ཀེ་བ་རིན་བསྡུར་ཐོག་བཙོང་མི་ སོ་ནམ་པ་ཚུ་གིས་ ཀེ་བའི་གོང་ཚད་ཚུ་ ན་ཧིང་དང་ཕྱདཔ་ད་ གསུམ་ལྟབ་སྦེ་ ཐོབ་དོ་ཡོདཔ་ཨིན་པས།

འབྲུག་བཟའ་སྤྱོད་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཀེ་བའི་ཐོན་སྐྱེད་ཚུ་ཡང་ སྤྱི་ལོ་༢༠༡༧ དང་ ཕྱདཔ་ད་ གཉིས་ལྟབ་ཀྱི་ ཡར་སེང་སོང་ནུག་ཟེར་ཨིནམ་ད་ ད་ལྟོ་ཚུན་ཚོད་ ཕུན་ཚོགས་གླིང་ ཀེ་བ་རིན་བསྡུར་ཁང་ནང་ ཀེ་བ་མེ་ཊིག་ཊཱོན་༥,༥༨༣ དེ་ཅིག་ རིན་བསྡུར་ཐོག་ བཙོང་ཡོདཔ་བཞིན་དུ་ ན་ཧིང་ དུས་ཚོད་དེམ་ཅིག་ཁར་ ཀེ་བ་མེ་ཊིག་ཊཱོན་༣,༠༦༤ ལས་བརྒལ་ རིན་བསྡུར་མ་འབད་ཟེར་ཨིན་པས།

རིན་བསྡུར་ཐོག་བཙོང་མི་ ཀེ་བ་གིས་ སྤྱི་ལོ་༢༠༡༧ ལུ་ དངུལ་ཀྲམ་ས་ཡ་༤༢ ཐོབ་མི་དེ་ ད་རེས་ དངུལ་ཀྲམ་ས་༡༢༧ ལུ་ ཡར་སེང་སོང་སྟེ་ཡོདཔ་ད་ རིན་བསྡུར་ཁང་གི་ འཛིན་སྐྱོང་པ་ ཨོ་རྒྱན་དཔལ་འབྱོར་གྱིས་ སླབ་མིའི་ནང་ དུས་ཅི་ ཀེ་བ་མཁོ་འདོད་བཀོད་མི་ ལེ་ཤ་ཡོད་པའི་ཁར་ སྤྱིར་སྙོམས་ལུ་ ཀེ་བའི་གོང་ཚད་ཡང་ ཡར་སེང་སོང་སྟེ་ ཡོད་ཟེར་ཨིན་པས།

སྤྱི་ལོ་༢༠༡༧ དང་ཕྱདཔ་ད་ ཀེ་བའི་གོང་ཚད་ཡང་ དངུལ་ཀྲམ་༣-༤ གི་བར་ན་ ཁྱད་པར་ཐོན་སྟེ་ཡོདཔ་ད་ ཉིན་བསྟར་བཞིན་དུ་ ཀེ་བ་ཕད་ཙེ་༣,༥༠༠ དང་༤,༠༠༠ གི་བར་ན་ རིན་བསྡུར་ཐོག་ བཙོང་དོ་ཟེར་ འཛིན་སྐྱོང་པ་གིས་ བཤདཔ་ཨིན་པས།

ཀེ་བ་ཚུ་ རྒྱ་གར་གྱི་ཁྲོམ་སྡེ་ ཀ་ལིམ་པོང་དང་ སི་ཀིམ་ སི་ལི་ཀུ་རི་ ཨ་ལི་པུར་ དེ་ལས་ ནེ་པཱལ་ལུ་ བཙོང་དོ་ཡོདཔ་མ་ཚད་ ཀེ་བ་ལ་ལོ་ ཕུན་ཚོགས་གླིང་ཁྲོམ་ནང་ཡང་ ཚོང་འབྲེལ་འཐབ་དོ་ ཡོདཔ་ཨིན་པས།

ཕུན་ཚོགས་གླིང་རིན་བསྡུར་ཁང་ནང་ ཀེ་བ་མང་ཤོས་ར་ ཆུ་ཁ་དང་ སྤ་རོ་ཚུ་ལས་ འབག་འོང་དོ་ཡོདཔ་མ་ཚད་ བཀྲིས་སྒང་དང་ མོང་སྒར་ བཀྲིས་གཡང་རྩེ་ དབང་འདུས་ཕོ་བྲང་ བུམ་ཐང་ དེ་ལས་ ཐིམ་ཕུག་རྫོང་ཁག་ཚུ་ལས་ཡང་ འབག་འོང་དོ་ཡོདཔ་ཨིན་པས།

ད་རེས་ནངས་པར་ སོ་ནམ་པ་ཚུ་ ཀེ་བའི་གོང་ཚད་ལུ་བལྟ་སྟེ་ སེམས་དགའ་སྟེ་ཡོདཔ་ད་ སྤྱི་ཟླ་༨ པའི་ཚེས་༡༣ ལུ་ ཀེ་བ་རིན་བསྡུར་འབད་དེ་ ཁ་ཙ་ ཏི་རུ་ལེན་པར་འོང་མི་ སོ་ནམ་པ་ ཕུན་ཚོགས་དོན་གྲུབ་ཀྱིས་ དུས་ཅི་ ཀེ་བའི་གོང་ཚད་དེ་ ལེགས་ཤོམ་འདུག་ཟེར་ བཤད་པའི་ཁར་ ཀེ་བ་ཕད་ཙེ་རེ་ལུ་ དངུལ་ཀྲམ་༢,༤༠༠ དེ་ཅིག་ ཐོབ་མི་དེ་ མཐོ་ཤོས་ཅིག་ཨིན་ཟེར་ བཤདཔ་ཨིན་པས།

ཁོ་གིས་ ཀེ་བ་ཕད་ཙེ་༢༩ དེ་ཅིག་ རིན་བསྡུར་ཁང་ནང་ བཙོང་ཡོདཔ་ད་ ཀེ་བ་ཕད་ཙེ་རེ་ལུ་ ཀེ་བ་སྦོམ་ཆུང་དང་འཁྲིལ་ཏེ་ ཀེ་ཇི་༤༠ དང་༦༠ གི་བར་ན་ ཡོདཔ་ཨིན་པས།

ཧཱ་ལས་ སོ་ནམ་པ་ ཀུན་ལེགས་དབང་མོ་གིས སླབ་མིའི་ནང་ དུས་ཅི་ ཀེ་བའི་གོང་ཚད་ ལེགས་ཤོམ་ཡོད་རུང་ ཀེ་བའི་ཐོན་སྐྱེད་དེ་ མར་བབས་སོང་ཡི་ཟེར་ཨིནམ་ད་ མོ་གིས་ ཁ་ཙ་ ཀེ་བ་ཕད་ཙེ་༥༠ བཙོང་ནུག།

མོ་གིས་འབད་བ་ཅིན་ ན་ཧིང་ མོ་རའི་ཀེ་བའི་ཞིང་ལས་ ཀེ་བ་ཕད་ཙེ་༡༠༠ དེ་ཅིག་ ཐོན་སྐྱེད་འབད་ཡོད་རུང་ ད་རེས་ ཀེ་བའི་ཞིང་གཅིག་ མ་བརྐོ་བར་ཡོད་ཟེར་ཨིན་པས།

ཀུན་ལེགས་དབང་མོ་གིས་ སླབ་མིའི་ནང་ ཧེ་མ་ཚར་གཅིག་ ལས་འཛིན་གྱིས་ ཧཱ་རྫོང་ཁག་གི་ ཀེ་བ་ཚུ་ རིན་བསྡུར་ཁང་ནང་ སྤྱི་ཟླ་༩ པ་དང་༡༠ པ་༡༡ པའི་ནང་ འབག་ཤོག་ཟེར་ གསལ་བསྒྲགས་འབད་ཡོད་རུང་ ཉིནམ་དག་པ་ཅིག་ནང་ འབག་ཤོག་ཟེརཝ་ད་ མགུ་འཐོམ་བྱུང་ཡི་ཟེར་ཨིན་པས།

ཨིན་རུང་ མོ་གིས་ སླབ་མིའི་ནང་ ཀེ་བའི་ཏི་རུ་ལུ་ བསྒུག་སྡོད་མ་དགོ་པར་ སེམས་དགའ་ཡི་ཟེར་ཨིནམ་ད་ ད་ལྟོ་ཚུན་ཚོད་ ཀེ་བ་ཀེ་ཇི་རེ་གིས་ སྤྱིར་སྙོམས་གོང་ཚད་ དངུལ་ཀྲམ་༢༣ ཐོབ་མི་དེ་ མཐོ་ཤོས་ཨིན་པའི་ཁར་ ཀེ་བ་སྦོམ་ཚུ་གི་ གོང་ཚད་མཐོ་ཤོས་དེ་ དངུལ་ཀྲམ་༢༡.༥༠ ཨིནམ་བཞིན་དུ་ ན་ཧིང་ ཀེ་བ་སྦོམ་ ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༡༨ དང་ ཀེ་བ་ཆུང་ཀུའི་ གོང་ཚད་དེ་ དངུལ་ཀྲམ་༧ ལས་ ཡར་སེང་འགྱོ་མ་ཚུགས་པས།

ད་རེས་ རིན་བསྡུར་ཁང་ནང་ ཀེ་བ་མ་ཤོང་པའི་ དཀའ་ངལ་མེདཔ་ད་ འཛིན་སྐྱོང་པ་ ཨོ་རྒྱན་དཔལ་འབྱོར་གྱིས་ སླབ་མིའི་ནང་ ཀེ་བ་བཞག་སའི་ ས་གོ་ཚུ་ བཟོ་སྐྲུན་འབད་དེ་ཡོདཔ་ལས་ དཀའ་ངལ་ཚུ་ མི་འཐོན་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ས་གོ་གསརཔ་དེ་ཡང་ རྐྱབ་ཚར་ནི་གུ་ ལྷོད་དེ་ཡོདཔ་ལས་ ད་ལྟོ་ ཀེ་བ་མ་ཤོང་པའི་ དཀའ་ངལ་འཐོན་རུང་ ས་གོ་དེ་ ལག་ལེན་འཐབ་ཚུགས་ཟེར་ཨིནམ་ད་ ས་གོ་གསརཔ་དེ་ནང་ སྣུམ་འཁོར་ཊཱག་༡༥༠ དེ་ཅིག་ ཤོང་ཚུགས་ནི་དང་ ད་ལྟོ་ཡོད་པའི་ རིན་བསྡུར་ཁང་ཡང་ བདེ་སྒྲིག་འབད་དེ་ཡོད་མི་ནང་ ཊཱག་དོ་༨༠ དེ་ཅིག་ ཤོང་ཚུགས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *