དུས་ཅི་ལས་ ཤེས་རིག་གྲོས་ཚོགས་ནང་ བརྡ་བརྒྱུདཔ་ཚུ་གིས་ གྲལ་གཏོགས་འབད་ཆོག་ནི།

༉ འདས་པའི་ལོ་ཚུ་ནང་ རྒྱལ་ཡོངས་ཤེས་རིག་གྲོས་ཚོགས་ནང་ བརྡ་བརྒྱུདཔ་ཚུ་ བཅའ་མར་གཏོགས་ནི་ལས་ བཀག་ཆ་འབད་དེ་ཡོད་རུང་ ཁ་ཙ་ལས་འགོ་བཙུགས་མི་ གྲོས་འཛོམས་ནང་ གྲལ་གཏོགས་འབད་བཅུག་ནི་ཨིན་པས།
དེ་ཡང་ འདས་པའི་བདུན་མཐའ་ནང་ ཤེས་རིག་བློན་པོ་ ཇའི་བིར་རའི་གིས་ བརྡ་བརྒྱུདཔ་ཚུ་དང་གཅིག་ཁར་ ལྷན་རྒྱལ་གཞུང་ཚོགས་ཀྱི་ ཞལ་འཛོམས་འཚོགས་པའི་སྐབས་ དང་འདོད་ཡོད་པ་ཅིན་ བཅའ་མར་གཏོགས་པར་ཤོག་ཟེར་བཤད་ཅི།
ཤེས་རིག་བློན་པོ་གིས་ ཉིན་གྲངས་༥ འི་རིང་ འགོ་འདྲེན་འཐབ་ནི་ཨིན་མི་ གྲོས་ཚོགས་ནང་ གནས་ཚུལ་ལས་ཁང་ཚུ་གིས་ འོང་ཚུགས་པ་ཅིན་ རྒྱལ་ཡོངས་ཤེས་རིག་གྲོས་ཚོགས་ནང་ འོང་ཆོག་ཟེར་ཨིན་པས།
གྲོས་ཚོགས་དེ་ནང་ ཤེས་རིག་དང་འབྲེལ་བའི་ གཙོ་ཆེ་བའི་གནད་དོན་ཚུ་ གྲོས་བསྟུན་འབད་བའི་ཁར་ ན་ཧིང་གི་ གྲོས་འཛོམས་དེ་ གཞལམ་སྒང་རྫོང་ཁག་འོག་གི་ པཱན་སྦང་དྲུང་ཁག་ བསོད་ནམས་ཐང་ སློབ་གྲྭ་ལྟེ་བའི་ནང་ སྤྱི་ཟླ་༡༢ པའི་ཚེས་༢༧ ལས་༣༡ ཚུན་འཚོགས་པའི་སྐབས་ གྲལ་གཏོགས་འབད་མ་བཅུག་པར་ བཀག་ཆ་འབད་ཡོདཔ་ཨིན་པས།
ན་ཧིང་གི་ གྲོས་འཛོམས་སྐབས་ འགོ་དང་པ་ བརྡ་བརྒྱུདཔ་ཚུ་ འོང་ཆོག་ཟེར་སླབ་ཡོད་རུང་ གྲོས་ཚོགས་འགོ་བཙུགས་ནི་རན་པའི་བསྒང་ལས་ བཅའ་མར་གཏོགས་མི་ཚུ་གིས་ བརྡ་བརྒྱུདཔ་ཚུ་དང་གཅིག་ཁར་སྡོདཔ་ད་ བློ་སླབ་ནི་ལུ་ ཚེར་སྣང་བྱུངམ་མས་ཟེར་སླབ་སྟེ་ བཅའ་མར་གཏོགས་མ་བཅུགཔ་ཨིན་པས།
ཨིན་རུང་ ཤེས་རིག་བློན་པོ་གིས་ དྭངས་གསལ་ལུ་གཞི་བཞག་ཐོག་ལས་ དུས་ཅིའི་གྲོས་ཚོགས་ག་རའི་ནང་ བཅའ་མར་གཏོགས་བཅུག་ནི་ཟེར་ཨིན་པས།
དུས་ཅི་གི་གྲོས་ཚོགས་དེ་ སྤུས་ཚད་ཅན་གྱི་ ཤེས་རིག་གི་ ངེས་ཚིག་འབད་ནིའི་ བརྗོད་དོན་ཐོག་ལུ་ འཆར་གཞི་༡༢ པའི་ནང་ ཤེས་རིག་ལས་ཁུངས་ནང་ བསྒྱུར་བ་བཟོ་ནི་དེ་ཨིན་པས།
གྲོས་ཚོགསསྐབས་ སློབ་གྲྭ་ལྟེ་བ་དང་ སློབ་གྲྭ་ཆུང་བའི་ གནས་རིམ་ནང་ ཆོས་རྒྱུགས་མེདཔ་བཟོ་ནི་ དེ་ལས་ སློབ་རིམ་༡༠ པའི་ སྐུགས་ཚད་མེདཔ་བཟོ་ནིའི་ དོན་ཚན་ཚུ་ལུ་ གོ་བསྡུར་འབད་ནི་ཨིན་པས།
དུས་ཅི་གི་གྲོས་ཚོགས་དེ་ ཕུན་ཚོགས་གླིང་འབྲིང་རིམ་སློབ་གྲྭ་གོང་མའི་ནང་སྦེ་ འགོ་འདྲེན་འཐབ་དོ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *