དི་བུམོ་ཚུ་ལུ་ འདོད་སྤྱོད་ཀྱི་ གནོད་འཚེ་འབད་མི་ ཨ་རྒས་ཅིག་ལུ་ བཙོན་ཁྲིམས་བཀལ་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༢༨ ལུ་ བཀྲིས་སྒང་རྫོང་ཁག་ཁྲིམས་འདུན་གྱིས་ གཡུས་མེ་འཕེལ་ལས་ སྐྱེས་ལོ་༨༣ ལང་མི་ ཨང་རྒས་ཅིག་ལུ་ ཨ་ལོ་བུམོ་ཅུང་ཚུ་ འདོད་སྤྱོད་གནོད་འཚེ་འབད་བའི་ བཙོན་ཁྲིམས་ལོ་༣ ལྷགཔ་ཅིག་བཀལ་ནུག།
རྩོད་ཟླ་རིན་ཆེན་དེ་ རྩོད་རྩ་༢ ཀྱི་ཨ་པའི་ ཨ་རྒས་ཅིག་ཨིནམ་ད་ མ་གཞི་ འགོ་ཐོག་སྐབས་ ཨ་རྒས་ཀྱིས་ སྐྱེས་ལོ་༡༣ ལང་མི་ བུམོ་ཅུང་དེ་ འདོད་སྤྱོད་འབད་ཡོད་པའི་ དོགས་པ་ཡོད་རུང་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ཚན་རིག་བརྟག་དཔྱད་སྙན་ཞུ་དང་འཁྲིལ་ཏེ་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
ཉམས་རྒུདཔ་གིས་ ཁྲིམས་འདུན་ལུ་ ངག་བརྗོད་ཕུལ་མིའི་ནང་ ཨ་རྒས་དེ་གིས་ མོ་རའི་མོ་མཚན་ལུ་ དཀྲོགས་པའི་ཁར་ གཟུགས་འཕུར་ཐོག་ལས་ ཚར་ལེ་ཤ་ཅིག་ར་ འདོད་སྤྱོད་འབད་ནིའི་ དཔའ་བཅམ་ཅི་ཟེར་ཨིན་རུང་ འདོད་སྤྱོད་འབད་ཡོད་པའི་ སྐོར་ འཁོད་དེ་མེདཔ་ཨིན་པས།
ཉམས་རྒུདཔ་བུམོ་དེ་གིས་ ངག་བརྗོད་དེ་ སློབ་གྲྭ་བདག་སྐྱོང་དང་ ཁྲིམས་སྲུང་འགག་པ་ དེ་ལས་ རྒྱལ་ཡོངས་ཨམ་སྲུ་དང་ ཨ་ལོ་ལྷན་ཚོགས་ཚུ་ལུ་ཡང་ བརྗེ་སོར་འབད་ཡོདཔ་ད་ ཉམས་རྒུདཔ་ཡང་ཨིན་མི་ བུམོ་ཅུང་གི་ ཕམ་གཅིག་པའི་ བུམོ་གིས་ ཁྲིམས་འདུན་ལུ་ ཨ་རྒས་ཀྱིས་ ཧེ་མ་ལས་ར་ འདོད་སྤྱོད་འབད་ཡི་ཟེར་ ཞུ་ཡོད་པའི་སྐོར་ འཁྲུན་ཆོད་ནང་བཀོད་ནུག།
སྐྱེས་ལོ་༡༣ ལང་མི་ ཉམས་རྒུད་པའི་ ཕམ་གཅིག་པའི་ བུམོ་དེ་གིས་འབད་བ་ཅིན་ མོ་གིས་ བུམོ་ཅུང་དེ་གི་ ཉལ་ཁང་དང་ ཨ་རྒས་ཀྱི་ ཉལ་ཁང་ནང་ འཇིགས་སྣང་ཐོག་སྡོད་སར་ མཐོང་ཅི་ཟེར་ཨིན་པས།
ཨ་རྒས་དེ་གིས་ ཕམ་གཅིག་པའི་ བུམོ་དེ་ལུ་ཡང་ ལགཔ་བཟུང་ནིའི་ དཔའ་བཅམ་པའི་སྐབས་ གྱི་རྐྱབ་ཐོག་ལས་ གདོང་ལེན་འབད་ཡོདཔ་ད་ སྐྱེས་ལོ་༧ ལང་མི་ ཕམ་གཅིག་པའི་ བུམོ་དེ་ཡང་ གཟུགས་སྒྱེན་མོ་སྦེ་ སྔུ་ས་མཐོང་ཅི་ཟེར་ཨིན་པས།
མ་གཞི་ ཨ་རྒས་དེ་གིས་ ཉེས་འཛུགས་ལུ་ རྫུན་ཁ་མ་བཟེད་རུང་ ཉམས་རྒུདཔ་ཚུ་གི་ བདེན་ཁུངས་ཟངས་མི་དང་ སྒྲུབ་བྱེད་བཅའ་ཁྲིམས་དང་འཁྲིལ་ཏེ་ ཁྲིམས་འདུན་གྱིས་ ཨ༌རྒས་རིན་ཆེན་ལུ་ བཙོན་ཁྲིམས་བཀལ་ཡོདཔ་ཨིན་པས།
ད་རུང་ རྩོད་ཟླ་གིས་ ཉམས་རྒུདཔ་ཚུ་གི་ ཕྱི་གཟུགས་དང་ ནང་སེམས་ལུ་ སྡུག་སྤྱོད་འབད་བའི་རྒུད་འཐུས་ རྒྱལ་ཡོངས་ལས་མིའི་ གླ་ཆ་དང་འཁྲིལ་ ཉམས་རྒུདཔ་ཚུ་ལུ་ ཨ་རྒས་ཀྱིས་ དངུལ་ཀྲམ་༢༢,༥༠༠ བྱིན་དགོ་པའི་ ཁྲིམས་ཀྱི་བཀའ་རྒྱ་གནང་ཡོདཔ་ད་ ཨ་རྒས་དེ་གིས་ སྤྱི་ལོ་༢༠༡༤ ལུ་ བུམོ་ཅུང་མོ་ར་ སྐྱེས་ལོ་༩ ལངམ་ད་ར་ ལོག་སྤྱོད་འབད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *