རྩི་རང་རྫོང་ཁག་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་སྐྱུར་མི་༢༣,༣༧༩ ཡོད་མི་ལས་༡༢,༨༥༩ ཚོགས་རྒྱན་བཙུགས་པར་འོང་ནུག།

དཱན་ཀུ་མར་སཱན་ཝར་དེ་ རྩི་རང་གི་ ཚོགས་སྡེའི་འཐུས་མི་སྦེ་ བཙག་འཐུ་གྲུབ་ཡོདཔ།

༉ ཁ་ཙ་ ཚོགས་རྒྱན་ས་ཁོངས་ཚུ་ སྒོ་བསྡམས་ཚརཝ་ཅིག་ར་ རྩི་རང་ལུ་ཡོད་མི་ ངོས་ལེན་འགོ་དཔོན་ཡིག་ཚང་ནང་ དཱན་ཀུ་མར་སཱན་ཝར་གྱིས་ རྒྱལ་ཁ་འཐོབ་ནི་བཟུམ་ཅིག་འདུག་ཟེར་ ལོ་རྒྱུས་སླབ་སར་ གོ་ཡོདཔ་བཞིན་དུ་ གྲུབ་འབྲས་ཚུ་ གྲངས་རྩིས་རྐྱབ་ནི་ འགོ་བཙུགས་པའི་བསྒང་ལས་ ཧེང་སྐལ་ར་ ཁོ་རྒྱལ་ནི་གི་ ཡིད་ཆེས་བྱུང་ནུག།

སྐྱེས་ལོ་༣༡ ལང་མི་ དཱན་ཀུ་མར་སཱན་ཝར་དེ་ མཐའ་བཅད་མེན་པའི་ གྲུབ་འབྲས་གསལ་སྟོན་འབདཝ་ད་ ལོ་རྒྱུས་བཤད་དོ་བཟུམ་སྦེ་ར་ རྩི་རང་རྫོང་ཁག་ལས་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་སྦེ་ བཙག་འཐུ་གྲུབ་ཡོདཔ་ད་ ཁོ་གིས་ ཚོགས་རྒྱན་༢,༧༧༠ ཐོབ་ཡོད་མི་ལས་༢,༣༢༠ ཚོགས་རྒྱན་འཕྲུལ་ཆས་ལས་ཐོབ་ནུག།

ཨིན་རུང་ འགྲེམ་ཐོག་ཚོགས་རྒྱན་ནང་ དོ་འགྲན་པ་ དཀོན་མཆོག་དབང་མོ་གིས་ ཚོགས་རྒྱན་༥༡༩ ཐོབ་མི་དང་ཕྱདཔ་ད་ ཁོ་གིས་༤༥༠ མ་གཏོགས་ ཐོབ་མ་ཚུགས་པས།

གྲུབ་འབྲས་ཚུ་ ཕྱི་རུའི་ཆུ་ཚོད་༨ ལུ་ གསལ་བསྒྲགས་འབད་ཡོད་རུང་ དེ་བསྒང་ ངོས་ལེན་འགོ་དཔོན་ཡིག་ཚང་ནང་ འདེམས་ངོ་ཚུ་ ཕུད་རྡོག་གཅིག་ཡང་ མ་སྡོད་པས།

རང་ཐང་གླིང་རྒེད་འོག་ལས་ ཉིམ་ཀརྨ་ཤེར་པ་གིས་ དཱན་ཀུ་མར་གྱི་ཤུལ་ལས་ར་ ཚོགས་རྒྱན་༡,༣༡༨ ཐོབ་ཡོད་མི་ལས་༤༣༢ འགྲེམ་ཐོག་ཚོགས་རྒྱན་ཨིན་པས།

དཱན་ཀུ་མར་གྱིས་འབད་བ་ཅིན་ ཁོ་ལུ་ རྒྱལ་ཁ་འཐོབ་ནི་གི་ རེ་བ་ཆུང་ཀུ་ཅིག་ལས་མེད་རུང་ ཚོགས་རྒྱན་གྱི་ ཁྱད་པར་སྦོམ་ཆགས་འོང་ཟེར་ རེ་བ་ར་ མ་བསྐྱེད་ཟེར་ཨིནམ་ད་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ ང་ལུ་ བློ་གཏད་དེ་ ཁོང་རའི་ འཐུས་ཚབ་སྦེ་ བཙག་འཐུ་གྲུབ་གནང་མི་ལུ་ ཧིང་དྭངས་མའི་ དཀྱིལ་ལས་ར་ བཀའ་དྲིན་དགའ་ཚོར་ཡོད་ཟེར་ བཙག་འཐུ་གྲུབ་མི་གིས་ བཤདཔ་ཨིན་པས།

རྩི་རང་རྫོང་ཁག་ནང་ འདེམས་ངོ་ཨམ་སྲུ་ཕུད་རྡོག་གཅིག་ལས་མེད་མི་ དཀོན་མཆོག་དབང་མོ་གིས་ ཚོགས་རྒྱན་༡,༡༡༠ ཐོབ་སྟེ་ ཨང་གསུམ་པ་ཐོན་ཡོདཔ་ད་ མོ་གི་འོག་ལས་ར་ ལོག་ནཱཐ་ཏི་ཝ་རི་གིས་ ཚོགས་རྒྱན་༡,༠༩༩ ཐོབ་མི་ལས་༨༤༥ ཚོགས་རྒྱན་འཕྲུལ་ཆས་ལས་ཨིན་པས།

འདེམས་ངོ་༡༢ ལས་ བར་གཤོང་རྒེད་འོག་ལས་ གནག་མདོག་རིན་ཆེན་གྱིས་ ཚོགས་རྒྱན་༡,༠༨༩ ཐོབ་མི་ལས་༢༧༥ འགྲེམ་ཐོག་ཚོགས་རྒྱན་ཨིནམ་ད་ ར་མིཤ་ཆེ་ཏི་རི་ བཱན་ད་རི་གིས་ ཚོགས་རྒྱན་༡,༠༤༠ དང་ བཀྲིས་ནོར་བུ་གིས་ ཚོགས་རྒྱན་༩༡༧ ཏ་ར་བིར་ཅོ་ཝཱན་གྱིས་ ཚོགས་རྒྱན་༨༤༤ དང་ སངས་རྒྱས་ཏ་མང་གིས་ ཚོགས་རྒྱན་༧༤༣ ཐོབ་ནུག།

འདེམས་ངོ་གཞན་ ཧོམ་ནཱཐ་ཐ་པ་དང་ མིག་དམར་རྡོ་རྗེ་བླ་མ་ བསོད་ནམས་སྟོབས་རྒྱས་༣ གྱིས་ ཚོགས་རྒྱན་༧༠༢,༦༥༨ དང་༥༦༩ རེ་ཐོབ་ནུག།

རྩི་རང་གིས་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་༩༩༤ དང་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ནང་བཙུགས་མི་ ཚོགས་རྒྱན་༡,༢༤༦ ཐོབ་ཡོདཔ་ད་ རྫོང་ཁག་དེ་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་སྐྱུར་མི་༢༣,༣༧༩ ཡོད་མི་ལས་༡༢,༨༥༩ ཚོགས་རྒྱན་བཙུགས་པར་ འོང་ཡོདཔ་ཨིན་པས།

རྩི་རང་ལུ་ ཚོགས་རྒྱན་སྐྱུར་མི་དག་པ་ཅིག་ལུ་ ཚོགས་རྒྱན་ས་ཁོངས་ཀྱི་སྐོར་ མགུ་འཐོམ་བྱུང་ཡོདཔ་མ་གཏོགས་ བཙག་འཐུའི་བྱ་རིམ་ལུ་ བར་ཆད་ག་ནི་ཡང་ མ་བྱུང་པར་ ལེགས་ཤོམ་སོང་ཡོད་པའི་གནས་ཚུལ།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *