བཀྱག་རྒྱ་སྨུག་དང་ དཀརཔོ་སྦེ་ཐལ་མི་ ཨ་ལཱན་ཅི་ལྕངམ་ཚུ།

དར་ལ་ལུ་ ཨ་ལཱན་ཅིའི་ལྕངམ་ཤི་མི་གིས་ མི་སེར་ལུ་ཚ་གྱང།

༉ དར་ལ་རྒེད་འོག་གི་ གཡུས་ཚན་ཚུ་ནང་ འགྱོ་བལྟ་བ་ཅིན་ ཧེ་མ་ དངུལ་ཐོག་ཨ་ལཱན་ཅི་གི་ ཞིང་ཡོད་མི་ཚུ་ བཀྱག་རྒྱ་སྨུག་དང་དཀརཔོ་སྦེ་ ཐལ་སར་མཐོང་བའི་ཁར་ གཡུས་ཁའི་མི་སེར་ཚུ་ཡང་ ཧེ་མ་ དངུལ་གྱི་འོང་འབབ་བཟོ་མི་ ཨ་ལཱན་ཅིའི་ཞིང་ཚུ་ལས་ རྡོག་མ་བཏགས་ནི་མེདཔ་ལས་ ཚ་གྱང་ལང་དོ་ཡོདཔ་ཨིན་པས།
དུས་ཚོད་འ་ནེམ་ཅིག་ཁར་ དངུལ་ཐོག་ཨ་ལཱན་ཅི་ཚུ་ རྡོག་མ་བཏག་ནིའི་ དུས་ཚོད་ཨིན་རུང་ བཏག་ནི་མེད་པའི་ཁར་ གྱེན་གུ་གཡུས་ཚན་ལས་ཨིན་མི་ ཚེ་རིང་བསྟན་པ་གིས་ སླབ་མིའི་ནང་ དུས་ཅི་གི་ལོ་ནང་ དངུལ་ཐོག་ཚུ་ལས་ མེ་ཏོག་ལེགས་ཤོམ་སྦེ་ ཤར་ཡོད་རུང་ རྡོག་མ་བཏག་ནི་མིན་འདུག་ཟེར་ཨིན་པས།
ཚེ་རིང་བསྟན་པ་དེ་ གྱེན་གུ་གཡུས་ཚན་ནང་ ཨ་ལཱན་ཅི་འཛུགས་སྐྱོང་གི་ ལཱ་འབད་མི་ཚུའི་གྲས་ལས་ གཅིག་ཨིནམ་ད་ ཁོ་གིས་བཤད་མིའི་ནང་ དངུལ་ཐོག་ཚུ་ འགྲོས་ཀྱིས་སྦེ་ སྐམ་འགྱོ་ནི་འདུག་ཟེར་ཨིན་པས།
ལོ་ལྔའི་ཧེ་མར་ ཁོ་རའི་བཟའ་ཚང་གིས་ ས་ཆ་ཨེ་ཀར་གཉིས་ནང་ལས་ དངུལ་ཐོག་བསྡུ་བསྒྱོམ་འབད་མི་དེ་གིས་ མི་ཚེ་འཚོ་སྐྱོང་འབད་ཚུགས་རུང་ གནས་སྟངས་དེ་ སོ་སོར་ཡར་སོང་ཡི་ཟེར་ཨིན་པས།
སྤྱི་ལོ་༢༠༡༧ ལུ་ ཚེ་རིང་བསྟན་པ་གིས་ ཨ་ལཱན་ཅི་ཀེ་ཇི་༨༠ ཐོན་སྐྱེད་འབད་དེ་ གོང་ཚད་ཉུང་སུ་ཐོབ་པའི་ལོ་ནང་ཨིན་རུང་ ཁོ་གིས་ ཀེ་ཇི་རེ་ལུ་དངུལ་ཀྲམ་༥༠༠ རེ་སྦེ་བཙོང་ཡོད་རུང་ དུས་ཅིའི་ལོ་ནང་ ཐོན་སྐྱེད་སྐྱོ་དྲགས་འོང་ནི་མས་ཟེར་ཨིན་པས།
གོ་རེ་གུ་རུང་གིས་ སྤྱི་ལོ་༢༠༡༧ ལུ་ ཀེ་ཇི་༢༠༠ དེ་ཅིག་ ཐོན་སྐྱེད་འབད་ནིའི་ རེ་བ་བསྐྱེད་ཡོད་རུང་ ཁོ་གིས་ ཀེ་ཇི་༤༠ ལས་ ཐོན་སྐྱེད་འབད་མ་ཚུགས་པའི་ཁར་ དུས་ཅི་གི་ལོ་ནང་ ཁོ་གིས་ ཐོན་སྐྱེད་འབད་ཚུགས་པའི་ རེ་བ་མེད་ཟེར་བཤདཔ་ཨིན་པས།
གོ་རེ་གུ་རུང་གིས་ ཨེ་ཀར་གཉིས་ནང་ འཛུགས་སྐྱོང་འབད་དེ་ཡོདཔ་ད་ ཁོ་གིས་སླབ་མིའི་ནང་ དངུལ་ཐོག་དེ་ འགོ་དང་པ་ར་ ཁ་དོག་འགྱུར་ཏེ་ འགྲོས་ཀྱིས་སྦེ་ ཐོན་སྐྱེད་མར་འབབ་འགྱོཝ་མས་ཟེར་ཨིན་པའི་ཁར་ ད་ལྟོ་འབདཝ་ད་ དངུལ་ཐོག་གི་ལྕངམ་ཚུ་ ཚོས་གཞི་རྒྱ་སྨུག་སྦེ་ ཐལ་ནུག་ཟེར་ཨིན་པས།
བར་ཁེ་གཡུས་ཚན་གྱི་མི་སེར་ཚུ་ལུ་ཡང་ གནས་སྟངས་དེ་ ལྕོག་འཐདཔ་སྦེ་ཡོད་པའི་ཁར་ ཨིན་ད་ར་ བྷ་དུར་ པའུ་ཌེལ་གྱིས་ དངུལ་ཐོག་ཤི་མི་དེ་ ག་ཅི་ལུ་བརྟེན་ཨིན་ན་ སླབ་མི་ཤེས་པས་ཟེར་ བཤདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དྲོད་དང་ ཟིལཔ་གཉིས་ཆ་ར་གིས་ ལྕངམ་ཚུ་ལུ་ གནོད་པ་རྐྱབ་དོ་བཟུམ་སྦེ་ མཐོང་ཡི་ཟེར་ཨིན་པའི་ཁར་ སྟབས་ཐང་བུའི་ཚོགས་པ་ ཤ་ཡེམ་ ཀུ་མར་མོང་སྒར་གྱིས་ སླབ་མིའི་ནང་ ཁོ་རའི་སྤྱི་འོག་གི་ ས་གནས་མཐོ་སར་ཡོད་མི་ཚུ་ལུ་ དེ་ཅིག་ གནོད་པ་མ་འབྱུང་པས་ཟེར་ཨིན་པས།
ཨིན་རུང་ སྤྱི་འོག་གི་ ས་ཁ་དམའ་ས་ཚུ་ལུ་ ཁ་དོག་དཀརཔོ་ལུ་གྱུར་ཏེ་ཡོད་མི་ལུ་ མི་སེར་ཚུ་ སེམས་ཕམ་བྱུང་སྟེ་འདུག་ཟེར་བཤད་པའི་ཁར་ ཁོ་གིས་སླབ་མིའི་ནང་ དངུལ་ཐོག་དེ་ལས་ འོང་འབབ་ལེགས་ཤོམ་བཟོ་ཚུགས་ནི་དེ་གིས་ མི་སེར་མང་ཤོས་ཀྱིས་ དངུལ་ཐོག་འཛུགས་སྐྱོང་འབད་ནི་ལུ་ དང་འདོད་བསྐྱེད་དེ་ཡོད་རུང་ ད་རེས་ནངས་པར་ དེ་ཅིག་ འཛུགས་སྐྱོང་འབད་མི་ མིན་འདུག་ཟེར་ཨིན་པས།
དངུལ་ཐོག་གི་གོང་ཚད་དང་ ཐོན་སྐྱེད་མར་བབས་སོང་མི་ལུ་བརྟེན་ མི་སེར་ཚུ་གིས་ སྤྲོ་བ་དེ་ཅིག་ མི་བསྐྱེད་པས་ཟེར་ཨིནམ་ད་ སྐལ་ཟ་རི་ཚོགས་པ་ ཟླ་བ་ཚེ་རིང་གིས་སླབ་མིའི་ནང་ ཁོ་རའི་སྤྱི་འོག་ནང་ཡང་ དངུལ་ཐོག་དེ་གི་བཀྱག་ཚུ་ གྱུར་ཏེ་འདུག་ཟེར་ཨིན་པས།
ཨིན་རུང་ སྤྱི་འོག་དེ་གི་ ཞིང་ལ་ལོ་ཅིག་ནང་ གནོད་པ་བྱུང་སྟེ་མེདཔ་ལས་ ལེགས་ཤོམ་སྦེ་ར་ སྐྱེས་ནི་འདུག་ཟེར་ཨིནམ་ད་ ན་ཧིང་གི་ལོ་དང་ཕྱདཔ་ད་ མེ་ཏོག་ཡང་ ལེགས་ཤོམ་སྦེ་ ཤར་ཏེ་ཡོད་ཟེར་ཨིན་པས།
ཨིན་རུང་ ཐོན་སྐྱེད་ག་དེ་སྦེ་ འོང་ནི་ཨིན་ན་དེ་ སླབ་མི་ཤེས་ཟེར་ཨིན་པའི་ཁར་ སྤྱི་ལོ་༢༠༡༧ ལུ་ཡང་ མེ་ཏོག་ལེགས་ཤོམ་སྦེ་ ཤར་ཡོད་རུང་ ཐོན་སྐྱེད་ལེགས་ཤོམ་མ་འོང་ཟེར་ཨིན་པས།
ཨ་ལཱན་ཅིའི་ཞིང་ མང་ཤོས་ར་ ལོ་ངོ་༥ དང་༨ ཀྱི་བར་ན་ ཐོན་སྐྱེད་འབད་མི་ཚུ་ཡོདཔ་ལས་ དུས་ཚོད་དང་འཁྲིལ་དགོ་པས་ཟེར་ཨིནམ་ད་ དར་ལ་རྒཔོ་ མིལ་ཀུ་མར་མོང་སྒར་གྱིས་ སླབ་ཡོདཔ་ད་ ཐོན་སྐྱེད་དེ་ ནད་འབུབ་ཀྱིས་ གནོདཔ་བཀལ་མི་ལུ་བརྟེན་ ཁ་དོག་ཚུ་གྱུར་ཏེ་འདུག་ཟེར་ཨིན་པས།
རྒཔོ་གིས་སླབ་མིའི་ནང་ མེ་ཏོག་ལེགས་ཤོམ་སྦེ་ ཤར་ཡོད་རུང་ འབུབ་ཀྱི་དོན་ལུ་ སྨན་ག་ཅི་གིས་ཡང་ མི་ཕན་དོ་ཡོད་པའི་ཁར་ སོ་ནམ་འགོ་དཔོན་ཚུ་གིས་ ལཱ་འབད་བའི་བསྒང་འདུག་ཟེར་ཨིན་པས།
སྨད་ལྟག་ཁ་རྒེད་འོག་གི་ སོ་ནམ་རྒྱ་སྐྱེད་འགོ་དཔོན་ འཕྲིན་ལས་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཀོ་ལེཀ་ཊོ་ཊི་ཅམ་གྱིས་ གནོད་པ་བྱུང་མི་ཚུ་ལུ་ སྨན་གཏོར་རུང་ མི་ཕན་ཟེར་ཨིན་པའི་ཁར་ ས་སྒ་དང་ ཨམ་ཅུ་ཀུ་ལི་ལུ་ཡང་ ནད་འབུབ་དེ་གིས་ གནོདཔ་བཀལ་ནི་ཡོད་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ དེ་བཟུམ་མའི་གནས་སྟངས་ནང་ ལོ་ཐོག་སོར་ཏེ་ འཛུགས་སྐྱོང་འབད་བ་ཅིན་ དེ་གིས་ ཕན་ཐོགས་ནི་མས་ཟེར་ཨིནམ་ད་ གནོད་པ་བྱུང་མི་ དངུལ་ཐོག་དང་ལོ་ཐོག་གི་རིགས་ཚུ་ ཚར་གཅིག་ ནད་འབུབ་ཟུན་པའི་ཤུལ་ལས་ ས་ཁོངས་དེ་ནང་ ལོག་སྟེ་བཙུགས་ནི་ མི་འོང་ཟེར་ཨིན་པས།
དེ་མ་ཚད་ ནད་འབུབ་མ་ཟུན་མི་ ལྕངམ་ཚུ་བཙུགས་པ་ཅིན་ ཕན་ཐོགས་འོང་ཟེར་ཨིན་པའི་ཁར་ དར་ལ་རྒེད་འོག་ནང་ ཆུ་གཡུར་ལམ་ལུགས་མ་བཟོ་མི་དེ་གིས་ཡང་ གནོད་པ་བྱུངམ་མས་ཟེར་ འཕྲིན་ལས་རྒྱལ་མཚན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *