༉ དར་དཀར་ནང་ལུ་ སྲིད་ཚོགས་༢ ཀྱི་བར་ན་ ཚོགས་རྒྱན་གྱི་ཁྱད་པར་ སྦོམ་ཐོན་མི་དེ་ཡང་ འཕྲུལ་ཆས་ཚོགས་རྒྱན་ཐོག་ལས་ཨིནམ་ལས་ དེ་གིས་ འབྲུག་ཕུན་སུམ་ཚོགས་པ་ རྣམ་རྟོག་ལང་ཡོད་རུང་ འབྲུག་མཉམ་རུབ་ཚོགས་པ་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ བཙག་འཐུ་ལས་གྲུབ་མི་ ཧེ་མཱན་གུ་རུང་གིས་ བསྡོམས་ཀྱིས་ཚོགས་རྒྱན་༦,༢༥༧ ཐོབ་མི་དེ་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ པེ་རེམ་ཀུ་མར་ ཁ་ཏི་ཝ་ར་དང་ཕྱདཔ་ད་ ཚོགས་རྒྱན་༣,༦༦༩ ཐེབས་ཐོབ་ཡོདཔ་ཨིན་པས།
འགྲེམ་ཐོག་ཚོགས་རྒྱན་ནང་ ཁྱད་པར་ལོག་ལྟབ་སྦེ་ ཐོན་ཡོད་རུང་ འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་བཙུགས་མི་དེ་གིས་ ཁྱད་པར་སྦོམ་བཟོ་ཡོདཔ་ད་ པེ་རེམ་ཀུ་མར་ ཁ་ཏི་ཝ་ར་གིས་ སླབ་མིའི་ནང་ སྤྱིར་བཏང་བཙག་འཐུ་སྐབས་ གནད་དོན་དེ་ལུ་བརྟེན་ འབྲུག་ཕུན་སུམ་ཚོགས་པའི་ གྲུབ་འབྲས་ལུ་ ཐོ་ཕོག་ཡི་ཟེར་བཤད་ཅི།
གནད་དོན་གཅིག་ ལས་གཡོག་བློན་པོ་བགྲེསཔ་ ཉི་མ་སངས་རྒྱས་ཆེན་པོ་གིས་ མི་སེར་དམངས་གཙོ་ཚོགས་པའི་ རྒྱབ་སྐྱོར་པ་ཚུ་ འབོད་བཀུག་འབད་དེ་ འབྲུག་མཉམ་རུབ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་དགོཔ་སྦེ་ སླབ་མི་དེ་ཨིན་ཟེར་ བཤད་པའི་ཁར་ སྐུལ་བསྒྲགས་འབད་བའི་སྐབས་ མི་སེར་ཚུ་ལས་ རྒྱབ་སྐྱོར་ཡོད་རུང་ གྲུབ་འབྲས་ཐོན་པའི་སྐབས་ རྣམ་རྟོག་ལང་སི་སི་ཨིན་མས་ཟེར་བཤད་ཅི།
ལྷོ་མཚམས་ཁ་ཐུག་གི་ མི་ཚུ་གིས་ འབྲུག་ཕུན་སུམ་ཚོགས་པ་ལུ་ ཁ་གིས་རྐྱངམ་གཅིག་ རྒྱབ་སྐྱོར་འབད་དེ་ དོན་ཧིང་ནང་ལས་མིན་འདུག་ཟེར་ཨིནམ་ད་ ཁོ་ར་ གསརཔ་འབད་ནི་དེ་གིས་ཡང་ ཕམ་སྲིད་ཟེར་ཨིན་པས།
འབྲུག་རྗེས་སྒང་ རྩེ་ཟ་འདེམས་ཁོངས་ནང་ཡང་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་ཁྱད་པར་ ལེ་ཤ་གིས་ རྒྱལ་ཁ་ཐོབ་ཡོདཔ་ད་ འགྱུར་མེད་དབང་ཕྱུག་དེ་ ཚོགས་རྒྱན་༣༡༤༨ ཐོབ་སྟེ་ བཙག་འཐུ་གྲུབ་ཡོདཔ་ད་ ཁོ་རའི་བྱང་ཕྱད་ མིག་དམར་རྡོ་རྗེ་གི་བར་ན་ ཚོགས་རྒྱན་ཁྱད་པར་༢༠༠༡ དེ་ཅིག་ ཁྱད་པར་ཞུགས་ཡོདཔ་ཨིན་པས།
མི་དམར་རྡོ་རྗེ་གིས་ བཤད་མིའི་ནང་ བཙག་འཐུ་མ་རན་པའི་ བདུན་ཕྲག་༡ གི་ཧེ་མར་ རྒྱལ་ནིའི་རེ་བ་སྦོམ་ཡོད་རུང་ མཇུག་གི་བདུན་ཕྲག་ནང་ མི་ཚུ་གི་ མནོ་བསམ་བཏང་ཐངས་ལུ་ འགྱུར་བཅོས་སོང་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་ཚུ་གིས་ ཚོགས་པའི་ཁས་བླངས་ཚུ་ ཧ་མ་གོཝ་འོང་ནི་མས་ཟེར་ཨིནམ་ད་ ང་བཅས་ཀྱིས་ མ་འོངས་པའི་དོན་ལུ་ དམིགས་གཏད་ཡོད་པའི་ ཁས་བླངས་ཚུ་ཡོད་རུང་ མི་ཚུ་གིས་ ད་ལྟོའི་དོན་ལུ་རྐྱངམ་གཅིག་ ལྟ་ནུག་ཟེར་བཤད་ཅི།
ཁོ་གིས་སླབ་མིའི་ནང་ ཁོ་ར་ ཕམ་སོ་སྟེ་འབད་རུང་ མི་ཚུ་གིས་ ཁོང་རའི་གདམ་ཁ་ཐོབ་ཡོདཔ་ལས་ སེམས་དགའ་ཡི་ཟེར་ཨིནམ་ད་ མི་སེར་ཚུ་གིས་ རྒྱབ་སྐྱོར་འབད་མི་ལུ་ དགའ་ཚོར་ཡོད་རུང་ ཁྱད་པར་སྦོམ་ཞུགས་ཐོག་ལས་ ཕམ་ནི་ཨིན་པའི་ རེ་བ་མ་བསྐྱེད་ཟེར་ ཨིན་པའི་གནས་ཚུལ།
སྐད་སྒྱུར་ བཀྲིས་བསྟན་འཛིན།