༉ དར་དཀར་ནང་ལུ་ ད་རིས་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ འགོ་འདྲེན་འཐབ་ནིའི་དོན་ལུ་ ཚོགས་རྒྱན་འགོ་དཔོན་ཕོ་སྐྱེས་༡༣༧ དང་ ཨམ་སྲུ་༩༥ དེ་ལས་ ཉེན་སྲུང་ལྟ་རྟོག་པ་ཚུ་བརྩིས་ཏེ་ བསྡོམས་མི་གྲངས་༢༧༠ ཚོགས་རྒྱན་བཙུགས་སའི་ ས་ཁོངས་༤༦ ནང་ གྲ་སྒྲིག་ཡོདཔ་ཨིན་པས།
དར་དཀར་ནང་གི་ རྒེད་འོག་༡༤ ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་ཆོག་མི་ བསྡོམས་མི་གྲངས་༢༤,༢༠༠ ཡོད་ས་ལས་ ཕོ་སྐྱེས་༡༢,༡༢༨ དང་ ཨམ་སྲུ་༡༢,༠༧༢ ཡོདཔ་བཞིན་དུ་ བཙག་འཐུ་ཡིག་ཚང་གིས་ ཚོགས་རྒྱན་ས་ཁོངས་༤༦ ནང་
ཚོགས་རྒྱན་འཕྲུལ་ཆས་༩༢ བཀྲམ་སྤེལ་འབད་ཡོདཔ་ཨིན་པས།
རྫོང་ཁག་བཙག་འཐུ་འགོ་དཔོན་ རིག་འཛིན་ལྷུན་གྲུབ་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཚོགས་རྒྱན་འགོ་དཔོན་དང་ ཉེན་སྲུང་ལྟ་རྟོག་པ་ཚུ་ ཚོགས་རྒྱན་ས་ཁོངས་ནང་ བར་ཆད་ག་ནི་ཡང་མེད་པར་ ལྷོད་དེ་ཡོདཔ་ལས་ བཙག་འཐུ་འགོ་འདྲེན་འཐབ་ནི་ལུ་ གྲ་སྒྲིག་ཡོད་ཟེར་ཨིན་པས།
ཚོགས་རྒྱན་འགོ་དཔོན་མང་ཤོས་ར་ སློབ་གྲྭ་ཁག་གི་ སློབ་དཔོན་ཚུ་ཡོདཔ་ད་ རྫོང་ཁག་བཙག་འཐུ་འགོ་དཔོན་གྱིས་ འབད་བ་ཅིན་ ཚོགས་རྒྱན་འགོ་དཔོན་ མང་ཤོས་ཅིག་ སླབ་དཔོན་ཚུ་ཡོད་རུང་ དར་དཀར་ནང་གི་ སློབ་གྲྭ་ཕུད་རྡོག་གཅིག་ཡང་ སྒོ་བསྡམ་དགོཔ་མ་བྱུང་ཟེར་ཨིན་པས།
དེ་ཡང་ ག་འཆརཔ་ཟེར་བ་ཅིན་ སློབ་གྲྭ་རེ་ལས་ སློབ་དཔོན་བརྒྱ་ཆ་༢༠ གཏང་དགོཔ་སྦེ་ སླབ་ཡོདཔ་ལས་ སློབ་གྲྭ་ཆུང་བ་ཚུ་ནང་ལས་ སློབ་དཔོན་༣ དེ་ཅིག་དང་ འབྲིང་རིམ་སློབ་གྲྭ་བར་མ་དང་ གོང་མ་ཚུ་ནང་ལས་ སློབ་དཔོན་༨ ལས་༡༢ དེ་ཅིག་གི་ བར་ན་བཙུགས་ཏེ་ཡོདཔ་སྦེ་ཨིན་པས།
དེ་སྦེ་ འབད་དགོ་མི་དེ་ཡང་ བཙག་འཐུ་འགོ་དཔོན་གྱིས་འབད་བ་ཅིན་ བཙག་འཐུའི་ཞོར་ཁ་ལས་ སློབ་ཕྲུག་ཚུ་གི་ དཔེ་ཆ་ལུ་ ཐོ་མི་ཕོག་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
ཚོགས་རྒྱན་འགོ་དཔོན་ཚུ་ཡང་ ལཱ་འབད་ས་ དར་དཀར་ནང་རྫོང་ཁག་ནང་ཨིན་རུང་ མི་རྩིས་རྫོང་ཁག་དེ་ནང་ མེད་མི་ཚུ་ བཙུགས་ཏེ་ཡོད་ཟེར་ཨིན་པས།
རིག་འཛིན་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ ཚོགས་རྒྱན་འགོ་དཔོན་ཚུ་ ཚོགས་རྒྱན་བཙུགས་སའི་ས་ཁོངས་ནང་ མ་བཏང་པའི་ཧེ་མར་ ཁེ་ཕན་ལྟག་སྤྲོད་མེད་པའི་ ཡིག་ཆ་ཚུ་ལུ་ ས་ཡིག་རྐྱབ་པའི་ཤུལ་ལས་རྐྱངམ་གཅིག་ སོང་ཡོད་ཟེར་ཨིན་པས།
དེ་སྦེ་ འབད་དགོ་མི་དེ་ཡང་ མ་འོངས་པ་ནང་ ཁེ་ཕན་ལྟག་སྤྲོད་ལུ་བརྟེན་པའི་ དཀའ་ངལ་མི་འབྱུང་ནིའི་དོན་ལུ་ ཨིནམ་སྦེ་ བཤད་ཅི།
འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཞབས་ཏོག་ལེན་མི་ ཕོ་སྐྱེས་༦༤༢ དང་ ཨམ་སྲུ་༦༢༥ གིས་ ཞབས་ཏོག་དེ་གི་དོན་ལུ་ ཐོ་བཀོད་འབད་ཡོདཔ་ཨིན་པས།
དར་དཀར་ནང་གི་ འགྲེམ་ཐོག་ཚོགས་རྒྱན་ལྷན་ཐབས་ས་ཁོངས་ཀྱི་ ཞབས་ཏོག་དེ་ མི་གྲངས་༩༥༠ གིས་སྤྱོད་ནུག།
དར་དཀར་ནང་ལུ་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་༡༠ ཐོན་ཡོདཔ་ད་ དེ་ཡང་ རྒེད་འོག་༡༤ ཡོད་མི་ནང་ལས་ རྡོ་རོ་ནང་ ལ་རྒྱབ་ རྩེ་བཟང་ གེ་སར་གླིང་ འབྲུག་རྗེས་སྒང་ ལྷ་མོའི་རྫིང་ཁ་ ཀརྨ་གླིང་ དཀར་ནག་ བཙན་མདའ་སྒང་ དེ་ལས་ འཁྱིལ་པའི་ས་ལས་ ཨིན་པའི་གནས་ཚུལ།
དར་དཀར་ནང་ལས་ ཡེ་ཤེས་སྒྲོལ་མ།