དབང་འདུས་དང་ དར་དཀར་ནང་བར་ནའི་འཁོར་ལམ་ ཤུལ་མའི་ཟླཝ་ནང་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོདཔ་ཨིན་མས།

དར་དཀར་ནང་དང་ དབང་འདུས་བར་ནའི་འཁོར་ལམ་ ཤུལ་མའི་ཟླཝ་ནང་ མཇུག་བསྡུ་ཚུགས་པའི་རེ་བ།

༉ དབང་འདུས་དང་ དར་དཀར་ནང་བར་ནའི་ འཁོར་ལམ་དེ་ རྩེ་ཟ་རྒེད་འོག་གི་ ལབ་རྩ་དཀར་ཆུ་དང་ དར་དཀར་རྒེད་འོག་གི་ རྐ་མེད་ནང་ལུ་ མཐུད་སྦྲེལ་འབད་ཡོདཔ་ལས་ དེ་ཁའི་མི་ཚུ་ མ་འོངས་པའི་ཁེ་ཕན་ལུ་ སེམས་དགའ་སྟེ་ཡོདཔ་ཨིན་པས།

རྫོང་ཁག་༢ ཀྱི་བར་ནའི་ མོས་མཐུན་གན་ཡིག་ལུ་ མཚན་རྟགས་བཀོད་མི་དང་བསྟུན་ ཀི་ལོ་མི་ཊར་༢༠.༢༩ འབད་མི་ འཁོར་ལམ་དེ་ ན་ཧིང་ སྤྱི་ཟླ་དང་པའི་ནང་ལས་ བསལ་ནི་འགོ་བཙུགས་ཡོདཔ་ཨིན་པས།

དར་དཀར་ནང་རྫོང་ཁག་གིས་ ལབ་རྩ་དཀར་ཆུ་ལས་ ཀི་ལོ་མི་ཊར་༡༢ དང་ དར་དཀར་རྒེད་འོག་གི་ འོག་རྒྱས་ནང་གཡུས་ ཚན་ལས་སྦེ་ ཀི་ལོ་མི་ཊར་༨.༢༩ དབང་འདུས་རྫོང་ཁག་གིས་ བསལ་ཡོདཔ་ཨིན་པས།

དར་དཀར་ནང་རྫོང་ཁག་གི་ བཟོ་རིག་འགོ་དཔོན་ འཇམ་དཔལ་རྡོ་རྗེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལཱ་ལུ་དཀའ་ངལ་མ་འབྱུང་པ་ཅིན་ འཁོར་ལམ་དེ་ ཤུལ་མའི་ཟླཝ་གི་བར་མཚམས་ཅིག་ལས་ འགྲོ་འགྲུལ་འབད་ཚུགས་ཟེར་ཨིནམ་ད་ ཆརཔ་མ་ཆད་པར་རྐྱབ་མི་དང་ དར་དཀར་དཔལ་ལ་ལས་ མར་ཁུ་སྐྱེལ་འདྲེན་འབད་བའི་སྐབས་ དཀའ་ངལ་བྱུང་ནི་དེ་གིས་ ལཱ་གི་གྲུབ་འབྲས་ལུ་ ཐོ་ཕོག་ཡི་ཟེར་ཨིན་པས།

ཁོ་གིས་བཤད་མིའི་ནང་ གཞི་རྟེན་གྱི་ལཱ་ཚུ་འབད་ཚར་ཡོདཔ་ལས་ རྫོང་ཁག་༢ ཀྱིས་ འཁོར་ལམ་བདའ་སྟེ་ ལོག་བསལ་ནི་ དང་ རྒྱ་སྐྱེད་འབད་ནིའི་ལཱ་ཚུ་འབད་ནི་ཟེར་ཨིན་པས།

འཁོར་ལམ་བསལ་མི་དེ་ལུ་ ས་གནས་ནང་སྡོད་མི་ཚུ་ སེམས་དགའ་ཡོདཔ་ད་ མང་ཤོས་ཀྱིས་ འཁོར་ལམ་བསལ་ཚར་བའི་ཤུལ་ལས་ ཚོང་ལཱ་ཆུང་ཀུ་རེ་ འགོ་བཙུགས་ནིའི་ འཆར་གཞི་འབད་དོ་ཡོདཔ་ཨིན་པས།

རྩེ་ཟ་རྒེད་འོག་ནང་སྡོད་མི་ དགོནམ་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མཐའ་ཟུར་གྱི་གཡུས་ཚན་ཚུ་ གོང་འཕེལ་འགྱོ་ནི་ ལུ་ ཕན་ཐོགས་འོང་ཟེར་ཨིནམ་ད་ ཁོ་ར་ སྟོང་གཞུ་ལས་ཨིནམ་ལས་ ཁོ་བཟུམ་སྦེ་ གཡུས་མི་ཚུ་ག་ར་གིས་ འཁོར་ལམ་བདའ་སྟེ་ ཚོང་ཁང་བཙུགས་ནིའི་དོན་ལུ་ སེམས་དགའ་སྟེ་ཡོདཔ་ཨིན་པས།

རྫོང་གི་ཉེ་འདབས་ལུ་སྡོད་མི་ཚུ་གིས་ ཧེ་མ་བཟུམ་སྦེ་ དར་དཀར་ནང་དང་ སཱུན་ཀོཤ་གཞུང་ལམ་བརྒྱུད་དེ་མེན་པར་ ཐད་ཀར་དུ་ དབང་འདུས་ཀྱི་ རྐ་མེད་ཆུ་ ལྷོད་ཚུགས་ནི་ཨིན་པས།

རྩེ་ཟ་རྒཔོ་ བསམ་གཏན་རྒྱ་མཚོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཐིམ་ཕུག་ལུ་ འགྱོ་མི་ཚུ་གིས་ ཉིནམ་༡ ལུ་ ལོག་ལྷོད་ ཚུགས་ཟེར་ཨིནམ་ལས་ དུས་ཡུན་འབད་བ་ཅིན་ ཆུ་ཚོད་༢ ལྷགཔ་ཅིག་ འགོར་ནི་ཨིན་པའི་ཁར་ ཀི་ལོ་མི་ཊར་༧༥ ལུ་ རྐ་མེད་ཆུ་ལྷོད་ནི་ཨིནམ་ལས་ ཧེ་མ་བཟུམ་སྦེ་ སཱུན་ཀོཤ་ཚུན་ ཀི་ལོ་མི་ཊར་༨༧ འགྱོ་མི་དགོ་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ འཁོར་ལམ་དེ་གིས་ ནང་འཁོད་ཀྱི་ལྟ་བཤལཔ་ཚུ་ལུ་ ཕན་མི་ཐོགས་ནི་ཨིན་རུང་ མི་ཚུ་གི་དོན་ལུ་འགྲོ་འགྲུལ་འབདཝ་ད་ ཕན་ཐོགས་འོང་ཟེར་ཨིན་པས།

འཁོར་ལམ་དེ་ བསལ་ཚར་བའི་བསྒང་ལས་ དར་དཀར་ནང་དང་ དབང་འདུས་ དེ་ལས་ ཉེ་འདབས་རྫོང་ཁག་ཚུ་གི་ དཔལ་འབྱོར་གོང་འཕེལ་ལུ་ ལྷན་ཐབས་འབད་ཚུགས་པའི་ རེ་བ་ཡོད་པའི་གནས་ཚུལ།

About admin

Check Also

རྒྱུ་དངོས་གསལ་སྟོན་འབད་ནིའི་ དུས་ཚོད་ཕར་འགྱངས་འབད་དགོ་པའི་ཞུ་བ།

༉ རྒྱལ་ཁབ་ཀྱི་ཁྲིམས་དང་ ལམ་ལུགས་ཚུ་དང་འཁྲིལ་ ལོ་བསྟར་བཞིན་དུ་ རྒྱུ་ནོར་ལ་སོགས་པའི་རིགས་ ག་ཅི་ར་ ཉོ་སྒྲུབ་འབད་ཡོདཔ་ཨིན་ན་དང་ སྤྱི་གཡོགཔ་གི་ མིང་ཐོ་ཁར་ རྒྱུ་དངོས་འཆང་ཡོད་མི་ཚུ་ གསལ་སྟོན་འབད་དགོཔ་དེ་ ཁག་ཆེ་ཤོས་ཅིག་ཨིནམ་ ང་བཅས་ག་ར་གིས་ མ་ཤེསཔ་མེད་ཟེར་ཞུ་ནི། སྤྱི་ཟླ་༦ …

Leave a Reply

Your email address will not be published. Required fields are marked *