༉ དར་དཀར་ནང་ལས་ དགེ་ལེགས་ཕུག་ལུ་འགྱོ་མི་ མི་མང་སྐྱེལ་འདྲེན་བཱསི་དེ་ ན་ཧིང་སྤྱི་ཟླ་༡༢ པའི་ནང་ ཕུན་ཚོགས་གླིང་ལུ་ སྣུམ་འཁོར་བཞག་སའི་ས་ཁོངས་ནང་ མེ་གིས་འཚིགས་མི་ལུ་བརྟེན་ ད་ལྟོ་ཡང་ བཱསི་གསརཔ་མེདཔ་ལས་ མི་སེར་ཚུ་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
དར་དཀར་ནང་ལས་ དགེ་ལེགས་ཕུག་ལུ་འགྱོ་མི་ མི་མང་སྐྱེལ་འདྲེན་བཱསི་དེ་གིས་ བདུན་ཕྲག་རེའི་བར་ན་ ཕུན་ཚོགས་གླིང་ལུ་ རེས་གཟའ་ཕུར་པ་ལུ་ འགྱོ་དོ་ཡོདཔ་ལས་ མི་སེར་དང་ ས་གནས་དེ་ཁར་ ལཱ་འབད་སྡོད་མི་ རྒྱ་གར་གྱི་ ལས་མི་ཚུ་ལུ་ ཕན་ཐོགས་སྦོམ་བྱུང་སྟེ་ཡོད་རུང་ འཕྲལ་ཁམས་ཅིག་ལས་ བཱསི་གི་ཞབས་ཏོག་མེད་མི་དེ་གིས་ མི་སེར་ཚུ་ ལུ་ སྣུམ་འཁོར་མ་འཐོབ་པའི་ དཀའ་ངལ་ཐོན་ཏེ་འདུག།
དར་དཀར་ནང་ལས་ དགེ་ལེགས་ཕུག་ལུ་འགྱོ་མི་ མི་མང་སྐྱེལ་འདྲེན་བཱསི་ སུ་བཱཤ་སྐྱེལ་འདྲེན་ཨིནམ་ད་ དར་དཀར་ནང་ལུ་ ཤོག་འཛིན་བཏོག་མི་ ཇའི་མ་ཡ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྣུམ་འཁོར་བཱསི་འཚིགས་ཏེ་ ཟླཝ་༢ དེ་ཅིག་གི་རིང་ མི་སེར་ཚུ་གིས་ བཱསི་གི་གནས་སྟངས་སྐོར་ལས་ ཧ་མ་གོ་ནི་དེ་གིས་ ཤོག་འཛིན་འཚོལ་བར་ འོང་དོ་ཡོདཔ་ཨིན་རུང་ སྣུམ་འཁོར་མེད་ཟེར་སླབ་སྟེ་ ལོག་བཏང་དོ་ཟེར་ཨིན་པས།
མི་སེར་ཚུ་གིས་ དེ་སྦེ་འོང་ནི་དེ་ཡང་ དར་དཀར་ནང་དང་ དགེ་ལེགས་ཕུག་གི་བར་ན་ མི་མང་སྐྱེལ་འདྲེན་བཱསི་ཕུད་རྡོག་གཅིག་ལས་མེད་པའི་ཁར་ ས་གནས་ནང་ གླ་འཁོར་ཚུ་ འཇམ་ཏོང་ཏོ་སྦེ་ འཐོབ་མ་ཚུགས་ནི་དེ་གིས་ ཨིན་ཟེར་ཨིན་པས།
དར་དཀར་ནང་ལུ་ བཟོ་སྐྲུན་ས་ཁོངས་ནང་ ལཱ་འབད་དེ་སྡོད་མི་ རྒྱ་གར་གྱི་མི་ཁུངས་ ཧུ་སི་ཡན་ཨ་ལི་གིས་འབད་བ་ཅིན་ ས་གནས་ནང་ མི་མང་སྐྱེལ་འདྲེན་བཱསི་གཅིག་ མེད་ནི་དེ་གིས་ མི་སེར་དང་ ལས་བྱེདཔ་ཚུ་ལུ་ སྟབས་མ་བདེཝ་སྦོམ་བྱུང་སྟེ་ཡོད་ཟེར་ཨིན་པས།
བཱསི་ཡོད་པའི་སྐབས་ ས་གནས་དེ་ཁ་ལས་ དགེ་ལེགས་ཕུག་དང་ ཕུན་ཚོགས་གླིང་ལུ་ འགྱོ་ནི་འཇམ་ཏོང་ཏོ་ཡོདཔ་མ་ཚད་ གླ་ཆ་འབད་རུང་ དགེ་ལེགས་ཕུག་ཚུན་ཚོད་ དངུལ་ཀྲམ་༢༩༧ དང་ ཕུན་ཚོགས་གླིང་ཚུན་འབད་བ་ཅིན་ དངུལ་ཀྲམ་༤༩༠ ལས་ མི་གནས་ཟེར་ཨིན་པས།
ཨིན་རུང་ གླ་འཁོར་ནང་ འགྱོ་བའི་བསྒང་ལས་ དང་པ་ དགེ་ལེགས་ཕུག་ཚུན་ཚོད་ གླ་ཆ་དངུལ་ཀྲམ་༡༠༠༠ ལྷགཔ་ཅིག་ སྤྲོད་དོ་ཡོདཔ་ད་ ཕུན་ཚོགས་གླིང་ཚུན་ མི་རེ་ལུ་ དངུལ་ཀྲམ་༢༠༠༠ ལྷགཔ་ཅིག་ གནས་དོ་ཡོདཔ་མ་ཚད་ དར་དཀར་ནང་གི་ ཁྲོམ་དེ་ཆུང་ཀུ་ཅིག་ལས་ མེད་ནི་དེ་གིས་ གླ་འཁོར་མ་འཐོབ་པའི་ དཀའ་ངལ་སྦོམ་ཐོནམ་ཨིན་ཟེར་ཨིན་པས།
ཀུན་གསལ་གྱིས་ བཱསི་གི་ཇོ་བདག་དང་གཅིག་ཁར་ འབྲེལ་བ་འཐབ་ནིའི་ དཔའ་བཅམ་རུང་ འགྲུལ་འཕྲིན་མཐུད་སྦྲེལ་འབད་མ་ཚུགསཔ་ལས་ ཤོག་འཛིན་བཙོང་མི་དེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བཱསི་རྙིངམ་དེ་ ཉེན་བཅོལ་ཐོབ་སྟེ་ཡོདཔ་ལས་ ཇོ་བདག་གིས་ མི་མང་སྐྱེལ་འདྲེན་བཱསི་གསརཔ་ཅིག་ མཁོ་མངགས་འབད་ཡོད་མི་ལུ་བརྟེན་ འཕྲལ་མགྱོགས་ར་ མི་སེར་ལུ་ ཞབས་ཏོག་སྤྲོད་ཚུགས་དོ་འོང་ཟེར་ ཨིན་པའི་གནས་ཚུལ།
དར་དཀར་ནང་ལས་ ཡེ་ཤེས་སྒྲོལ་མ།