༉ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ གནས་ཚུལ་བསྡུ་ལེན་པ་བགྲེསཔ་ སུར་ཇ་མཱན་ཐ་པ་གིས་
སྐྱེས་ལོ་༣༣ ལང་མི་ གེ་སར་གླིང་རྒེད་འོག་ལས་ འདེམས་ངོ་སྦེ་ཐོན་ཡོད་མི་ སུར་ཇ་མཱན་ཐ་པ་གིས་ འགྲེམ་ཐོག་ཚོགས་རྒྱན་མངམ་ཐོབ་ཡོདཔ་ལས་ ཁོ་གིས་རྒྱལ་ཁབ་ཐོབ་ནུག།
དར་དཀར་ནང་རྫོང་ཁག་ནང་ འདེམས་ངོ་ཡོངས་བསྡོམས་༡༠ ཐོན་ཡོད་མི་ནང་ལས་ འགྲེམ་ཐོག་ཚོགས་རྒྱན་ནང་ སུར་ཇ་མཱན་ཐ་པ་གིས་ ཚོགས་རྒྱན་མཐོ་ཤོས་ཐོབ་ནུག།
ཁོ་གིས་ འགྲེམ་ཐོག་ཚོགས་རྒྱན་ཡོངས་བསྡོམས་༨༤༢ ཐོབ་ཡོདཔ་ད་ ཁོ་གི་ཤུལ་ལས་རང་ བཙན་མདའ་སྒང་གི་འདེམས་ངོ་ བི་རན་ད་ར་ཅི་མོ་རི་གིས་ ༥༦༡ ཐོབ་ནུག།
འཕྲུལ་ཆས་ཀྱི་ཚོགས་རྒྱན་འབད་བ་ཅིན་ བི་རན་ད་ར་ཅི་མོ་རི་གིས་ ཚོགས་རྒྱན་༡༨༣༣ ཐོབ་སྟེ་མཐོ་ཤོས་ཨིན་ཏེ་འབད་རུང་ འཕྲལ་ཆས་ཚོགས་རྒྱན་དང་ འགྲེམ་ཐོག་ཚོགས་རྒྱན་གཉིས་ བསྡོམས་རྩིས་བཏོནམ་ད་ སུར་ཇ་མཱན་ཐ་པ་གིས་ ཚོགས་རྒྱན་༢༤༢ མངམ་ཐོབ་སྟེ་རྒྱལ་ཁ་ཐོབ་ནུག།
ཡོངས་བསྡོམས་འདེམས་ངོ་༡༠ ཡོད་མི་ནང་ལས་ ཚོགས་རྒྱན་ཉུང་ཤོས་དེ་ཡང་ རྡོ་རོ་ན་རྒེད་འོག་ལས་ དབང་འདུས་ཀྱིས་ ཚོགས་རྒྱན་༨༠༡ ཐོབ་སྟེ་ ཉུང་ཤོས་ཨིན་པས།
དར་དཀར་ནང་ལུ་ ཁྱད་ཚད་དང་ལྡན་པའི་ ཚོགས་རྒྱན་སྐྱུར་མི་ ཡོངས་བསྡོམས་༢༤༢༠༠ ཡོད་མི་ནང་ལས་ ཕོ་སྐྱེས་༡༢༡༢༨ དང་ ཨམ་སྲུ་༡༢༠༧༢ ཡོད་མི་ནང་ལས་ ཁ་ཙ་ ཚོགས་རྒྱན་བཙུགས་མི་ཡོངས་བསྡོམས་༡༣༩༥༧ འོང་ཡོདཔ་ཨིན་པས།
སུར་ཇ་མཱན་ཐ་པ་གིས་ རྒྱལ་ཁ་ཐོབ་མི་དེ་ལུ་ སེམས་དགའ་ཡོདཔ་ད་ ཁོ་གིས་སླབ་དོ་བཟུམ་འབད་བ་ཅིན་ དར་དཀར་ནང་གི་ མི་སེར་ཚུ་གིས་ ཁོ་ལུ་བློ་གཏད་དང་ཡིད་ཆེས་བསྐྱེད་དེ་ ཁོ་གདམ་འཐུ་འབད་དེ་གནང་མི་དེ་ལུ་ ཁོ་བློ་འགྱོད་བསྐྱེད་ནི་མེདཔ་ཅིག་འབད་ནི་ཟེར་ཨིན་པས།
དར་དཀར་ནང་གི་ མི་སེར་ཚུ་གིས་ ཁོ་གདམ་འཐུ་འབད་ནིའི་དོན་ལུ་ ཚོགས་རྒྱན་བཙུགས་གནང་མི་དེ་ལུ་ བཀའ་དྲིན་ཆེ་ཟེར་ཨིནམ་ད་ མི་སེར་གྱི་ རེ་དོད་འགྲུབ་ནིའི་དོན་ལུ་ ག་དེ་དྲག་དྲག་ཕྱག་ལེགས་ཤོམ་སྦེ་ ཞུ་ནི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཧེ་མ་ འབྲུག་རྒྱང་བསྒྲགས་ལས་འཛིན་ནང་ ལཱ་འབད་བའི་རིང་ལུ་ མི་སེར་དྲག་ཞེན་ཆེ་ཆུང་ག་ར་དང་གཅིག་ཁར་ འབྲེལ་བ་འཐབ་སྟེ་ ལཱ་འབད་ཡོདཔ་ལས་ ཁོ་གིས་ མི་སེར་གྱི་སྐྱིད་སྡུག་ལེགས་ཤོམ་སྦེ་ ཧ་གོ་ཚུགས་མི་ མི་ཅིག་འབད་ནི་དེ་གིས་ ཕྱག་ལེགས་ཤོམ་སྦེ་ཡང་ ཞུ་ཚུགས་ཟེར་ཨིན་པས།
སུར་ཇ་མཱན་གྱིས་ རྒྱ་གར་དར་ཇི་གླིང་ལས་ བརྡ་བརྒྱུད་ཀྱི་ཆོས་ཚན་ནང་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་བའི་ཤུལ་ལུ་ ལོ་ངོ་༩ གི་རིང་ འབྲུག་རྒྱང་བསྒྲགས་ལས་འཛིན་ནང་ གནས་ཚུལ་བསྡུ་ལེན་པ་སྦེ་ ལཱ་འབད་ནུག།
རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་གི་ཉིནམ་དེ་ གཞན་མི་དཀའ་ངལ་ག་ཅི་ཡང་མ་འབྱུང་པར་ མཇུག་བསྡུ་ཚུགས་ཏེ་འབད་རུང་ ཁ་ཙ་ ལ་རྒྱབ་རྒེད་འོག་ སྲིད་པ་ཟེར་མི་ ཚོགས་རྒྱན་བཙུགས་སའི་ས་ཁོངས་ནང་ འཕྲུལ་ཆས་ཀྱི་དཀའ་ངལ་ དྲུམ་དྲག་ཅིག་ཐོན་ཡོད་མི་དེ་གིས་ དུས་ཡུན་སྐར་མ་༣༠ དེ་ཅིག་གི་རིང་ ཚོགས་རྒྱན་མ་བཙུགས་པར་ མཚམས་འཇོག་འབད་དགོཔ་བྱུང་ནུག།
ཨིན་རུང་ ཚོགས་རྒྱན་བཙུགས་སའི་ས་ཁོངས་ག་ར་ནང་ ཚོགས་རྒྱན་འཕྲུལ་ཆས་ཐེབས་འབག་སྟེ་ཡོདཔ་ལས་ ཁོང་གིས་ དེ་འཕྲོ་ལས་ ཚོགས་རྒྱན་འཕྲུལ་ཆས་གསརཔ་བཙུགས་ཐོག་ལས་ ལག་ལེན་འཐབ་བཅུག་ནུག།
ཚོགས་རྒྱན་འཕྲུལ་ཆས་རྙིངམ་དེ་ནང་ ཚོགས་རྒྱན་༦༥ བཙུགས་པའི་ཤུལ་ལུ་ དཀའ་ངལ་བྱུང་ཡོདཔ་ཨིན་རུང་ ཉིནམ་མཇུག་ལུ་ ཚོགས་རྒྱན་གྲུབ་འབྲས་བསྡུ་སྒྲིག་འབད་བའི་སྐབས་ དཀའ་ངལ་ཚུ་ ག་ཅི་ཡང་མ་ཐོན་མས།
འགྲེམ་ཐོག་ཚོགས་རྒྱན་ཡོངས་བསྡོམས་༣༤༩༡ འོང་ཡོད་མི་ལས་ ཚོགས་རྒྱན་ལྷན་ཐབས་ས་ཁོངས་ལས་བཙུགས་ཡོད་མི་༡ ཆ་མེད་སོང་ཡོདཔ་ད་ འགྲམ་ཐོག་ཚོགས་རྒྱན་བཙུགས་མི་༡༤༦ ཆ་མེད་སོང་པའི་ཤུལ་ལུ་ འགྲེམ་ཐོག་ཚོགས་རྒྱན་༣༣༤༤ ཐོ་བཀོད་འབད་ནུག།
ངོས་ལེན་འགོ་དཔོན་ འཕྲིན་ལས་ཕུན་ཚོགས་ཀྱིས་བཤད་མིའི་ནང་ འགྲེམ་ཐོག་ཚོགས་རྒྱན་ ཆ་མེད་འགྱོ་མི་དེ་ཡང་ ཚོགས་རྒྱན་སྐྱུར་མི་ ལ་ལོ་ཅིག་གིས་ དཔང་པོ་ ཚོགས་རྒྱན་ཨང་གྲངས་ ལེགས་ཤོམ་མ་བྲིས་མི་ ལ་ལོ་ཅིག་ ཨང་རྟགས་མ་མཐུན་མི་ཚུ་ ཡོད་མི་ དེ་ལས་ ལ་ལོ་ཅིག་གིས་ ཚོགས་རྒྱན་རྟགས་ མ་བཀལ་མི་ལུ་བརྟེན་ཏེ་ ཆ་མེད་འགྱོཝ་མས་ཟེར་ཨིན་པས།
དར་དཀར་ནང་ལུ་ ཚོགས་རྒྱན་བཙུགས་སའི་ས་ཁོངས་༤༦ ནང་ ཚོགས་རྒྱན་འགོ་དཔོན་༢༣༢ དང་ ཉེན་སྲུང་འགོ་དཔོན་༢༧༠ བཙུགས་ཐོག་ལས་ བཙག་འཐུ་དེ་ མཐར་འཁྱོལ་ཅན་ཅིག་སྦེ་ འགོ་འདྲེན་འཐབ་ཚུགས་ཏེ་ ཡོདཔ་ཨིན་པའི་གནས་ཚུལ།
དར་དཀར་ནང་ལས་ ཡེ་ཤེས་སྒྲོལ་མ།