སུར་ཇ་མཱན་ཐ་པ།

དར་དཀར་ནང་གི་ འདེམས་ངོ་༡༠ ག་ར་གིས་ བཙག་འཐུ་སྐབས་ རང་སོའི་རྒེད་འོག་ནང་ལས་ རྒྱལ་ཁ་ཐོབ་ཡོདཔ།

༉ དར་དཀར་ནང་གི་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་༡༠ ག་ར་གིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་སྐབས་ རང་སོའི་རྒེད་འོག་ནང་ལས་ རྒྱལ་ཁ་ཐོབ་ནུག།

ཨིན་རུང་ རྒེད་འོག་བསྡོམས་༡༤ ཡོད་ས་ལས་ སྒོ་ཞིང་དང་ བཀྲིས་ལྡིང་ གཙང་ཁ་ ནི་ཅུ་ལ་རྒེད་འོག་ཚུ་ནང་ འདེམས་ངོ་ཐོན་མི་མེདཔ་ལས་ རྒྱལ་ཡོངས་ཚོགས་སྡེ་གི་ འདེམས་ངོ་སྦེ་བཙག་འཐུ་གྲུབ་མི་ སུར་ཇ་མཱན་ཐ་པ་གིས་ རྒེད་འོག་༣ ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ རྒེད་འོག་༡ ནང་ལས་ སུ་རཱཇ་པར་དཱན་གྱིས་ རྒྱལ་ཁ་ཐོབ་ནུག།

དེ་ཡང་ སུར་ཇ་མཱན་ཐ་པ་གིས་ གཙང་ཁ་རྒེད་འོག་ལས་ ཚོགས་རྒྱན་བཙུགས་མི་་བསྡོམས་༧༦༡ ཐོན་མི་ལས་ ཁོ་གིས་༡༥༣ ཐོབ་ཡོདཔ་ད་ བཀྲིས་སྡིངས་རྒེད་འོག་ལས་ ཚོགས་རྒྱན་བཙུགས་མི་༩༦༩ ལས་ སུར་ཇ་མཱན་གྱིས་ ཚོགས་རྒྱནས་༣༤༨ ཐོབ་ཡོདཔ་ད་ སྒོ་ཞིང་རྒེད་འོག་ནང་ ཚོགས་རྒྱན་བཙུགས་མི་༡༠༦༨ ལས་ ཁོ་གིས་ཚོགས་རྒྱན་༣༠༩ ཐོབ་ཡོདཔ་ཨིན་པས།

ཨིན་རུང་ ནི་ཅུ་ལ་རྒེད་འོག་ནང་ཡང་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་མེདཔ་ལས་ དེ་ནང་ལས་ ལྷ་མོའི་རྫིང་ཁའི་འདེམས་ངོ་ སུ་རཱཇ་པར་དཱན་གྱིས་ ཚོགས་རྒྱན་བསྡོམས་༣༠༤ ལས་ ཁོ་གིས་ ཚོགས་རྒྱན་༧༨ ཐོབ་མི་དེ་ མཐོ་ཤོས་ཨིན་པས།

འདེམས་ངོ་༡༠ ཡོད་མིའི་གྲས་ལས་ ཚོགས་རྒྱན་ཉུང་ཤོས་དེ་ར་ རྡོ་རོ་ནང་རྒེད་འོག་གི་འདེམས་ངོ་ དབང་འདུས་ཨིནམ་ད་ ཁོ་གིས་ ཚོགས་རྒྱན་ཡོངས་བསྡོམས་༨༠༡ ཐོབ་ནུག།

དེ་བཟུམ་སྦེ་ འགྲེམ་ཐོག་ཚོགས་རྒྱན་མཐོ་ཤོས་དེ་ཡང་ རྒྱལ་ཁ་ཐོབ་མི་ སུར་ཇ་མཱན་ཐ་པ་ཨིནམ་ད་ ཁོ་གིས་ ཡོངས་བསྡོམས་༨༤༢ ཐོབ་ནུག།

འགྲེམ་ཐོག་ཚོགས་རྒྱན་ཉུང་ཤོས་དེ་ རྡོ་རོ་ནང་རྒེད་འོག་ལས་ དབང་འདུས་ཀྱིས་ཐོབ་ནུག།

འཕྲུལ་ཆས་ཐོག་གི་ ཚོགས་རྒྱན་ཨིན་པ་ཅིན་ ཚོགས་རྒྱན་ཡོངས་བསྡོམས་༡༨༣༣ ཐོབ་མི་ བཙན་མདའ་སྒང་རྒེད་འོག་གི་ བི་རེན་ད་ར་ཅི་མོ་རི་ཨིན་རུང་ ཁོ་གིས་ འགྲེམ་ཐོག་ཚོགས་རྒྱན་༥༦༡ ལས་ མ་འཐོབ་ནི་དེ་གིས་ རྒྱལ་ཁ་འཐོབ་མ་ཚུགསཔ་ད་ སུར་ཇ་མཱན་ཐ་པ་གིས་ འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་ཡོངས་བསྡོམས་༡༧༩༤ ཐོབ་ནུག།

དར་དཀར་ནང་ རྫོང་ཁག་ནང་ རྒེད་འོག་༡༤ ནང་ ཁྱད་ཚད་དང་ལྡན་པའི་ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༢༤,༢༠༠ ཡོད་མི་ནང་ལས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ ཕོ་སྐྱེས་༥༤༣༨ དང་ ཨམ་སྲུ་༥༡༧༡ འོང་ཡོདཔ་ལས་ ཚོགས་རྒྱན་གྱི་བརྒྱ་ཆ་༤༥.༣ དང་༤༣.༢ ཨིན་པས།

དེ་ལས་ འགྲེམ་ཐོག་ཚོགས་རྒྱན་ ཐོ་བཀོད་འབད་མི་ ཕོ་སྐྱེས་༢༦༠༠ ལས་༡༩༡༠ གིས་ བཙུགས་ཡོདཔ་ད་ ཨམ་སྲུ་༡༩༥༤ གིས་ ཐོ་བཀོད་འབད་མི་ ཨམ་སྲུ་༡༤༣༤ གིས་ ཚོགས་རྒྱས་བཙུགས་ཡོདཔ་ལས་ ཕོ་སྐྱེས་ཨིན་པ་ཅིན་ བརྒྱ་ཆ་༧༣.༥ དང་ ཨམ་སྲུ་བརྒྱ་ཆ་༧༣.༤ གིས་ བཙུགས་ནུག།

རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཚོགས་རྒྱན་བཙུགས་ནི་གི་ གྱངས་ཁ་ཡར་སེང་འབད་དགོ་པ་ཅིན་ ཁོང་ལུ་ གོ་བརྡའི་ལས་རིམ་དང་ ཡང་ཅིན་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ སྟབས་བདེ་ཏོག་ཏོ་བཟོ་དགོཔ་དེ་ ཁག་ཆེ་བས་ཟེར་ཨིན་པས།

གོ་བརྡའི་ཤེས་ཡོན་བྱིན་དགོ་པས་ཟེར་མི་དེ་ཡང་ མི་སེར་མང་ཤོས་ཅིག་གིས་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་དེ་ ཁག་མ་ཆེཝ་བཟུམ་སྦེ་ མནོ་སྡོད་མི་ལེ་ཤ་ཅིག་ཡོདཔ་ལས་ ཁོང་ལུ་ གོ་བརྡའི་ལས་རིམ་བྱིན་དགོཔ་ད་ ཚོགས་རྒྱན་བཙུགས་ནིའི་མཐུན་རྐྱེན་ཚུ་ སྟབས་བདེ་ཏོག་ཏོ་ཡོད་པ་ཅིན་ མང་ཤོས་ཅིག་གིས་ ཚོགས་རྒྱན་བཙུགས་ནི་ལུ་ གདམ་ཁ་རྐྱབ་སྟེ་ མ་འོངས་པ་ནང་ ཚོགས་རྒྱན་བཙུགས་ནི་གི་ གྱངས་ཁ་ཡར་སེང་འབད་ཚུགས་པའི་ ཁེ་ཕན་འདུག་ཟེར་ཨིན་པས།

ཨིན་རུང་ རྫོང་ཁག་བཙག་འཐུ་འགོ་དཔོན་ རིག་འཛིན་ལྷུན་གྲུབ་ཀྱིས་འབད་བ་ཅིན་ བཙག་འཐུ་ལྷན་ཚོགས་ཀྱི་ཁ་ཐུག་ལས་ མི་སེར་ཚུ་ལུ་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་ཡོདཔ་མ་ཚད་ འགྲེམ་ཐོག་ཚོགས་རྒྱན་དང་ ལྷན་ཐབས་ཚོགས་རྒྱན་བཙུགས་སའི་ ས་ཁོངས་བཟོ་མི་དེ་ཡང་ ཁོང་ལུ་ སྟབས་བདེ་ཏོག་ཏོ་འོང་ནི་དོན་ལུ་ཨིནམ་མ་ཚད་ དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ཡང་ མཐུན་རྐྱེན་ཚུ་ མ་བཏུབ་བཏུབ་སྦེ་ བྱིན་ཡོདཔ་སྦེ་ཨིན་པས།

རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་དེ་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ འགོ་འདྲེན་འཐབ་ཡོདཔ་ད་ ཉིན་གྲངས་༡༠ གྱི་ནང་འཁོད་ལུ་ བཙག་འཐུ་དང་འབྲེལ་བའི་ཉོགས་བཤད་ཡོད་པ་ཅིན་ བཙུགས་ནི་གི་ གོ་སྐབས་ཡོད་དེ་འབད་རུང་ ད་ལྟོ་ཚུན་ཚོད་ཀྱི་རིང་ ཉོགས་བཤད་ག་ཅི་ཡང་ མ་ལྷོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *